དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱ་ཚ་རྫོང་སྤྱི་བདེ་དང་མང་ཚོགས་ཀྱིས།

    ཆུར་མཆོངས་ནས་རང་ཤི་རྒྱག་རྩིས་བྱེད་མཁན་སྐྱེས་པ་ཞིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    ཉེ་ཆར། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ངར་རབ་གྲོང་རྡལ་མངགས་གཏོང་ཁང་རྫམ་གློག་ཁང་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ། ལ་ཐོག་ཟམ་ཆེན་སྨད་རྒྱུད་ཀྱི་སྨི་20ཡི་མཚམས་སུ་སྐྱེས་པ་ཞིག་གཙང་པོར་མཆོངས་ནས་རང་ཤི་རྒྱག་རྩིས་བྱེད་ཀྱི་འདུག་ཅེས་མང་ཚོགས་ཀྱི་ཉེན་བརྡ་འབྱོར་སོང་བས། ཁྱེད་ཚོས་གང་མགྱོགས་སྐྱོབ་པར་འགྲོ་རོགས་ཞེས་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་བ་རེད།

    གནས་ཚུལ་ཛ་དྲག་པོ་ཡོད་པས་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པ་ཨོ་རྒྱན་ཕུན་ཚོགས་དང་བློ་བཟང་ཆོས་འཕེལ་གཉིས་ཀྱིས་འཕྲལ་མར་སྲོག་སྐྱོབ་སྒྲིག་ཆས་ཁྱེར་ནས་ས་གནས་ས་ཐོག་ཏུ་བསྐྱོད།

    “ཉེན་རྟོག་པ་ལགས། ང་ཆུ་རྐྱལ་ཡག་པོ་ཡོད། ངས་མི་དེ་སྐྱོབ་ཆོག”ཅེས་འགྲམ་གྱི་ཕོ་གཞོན་ཞིག་གིས་བཤད། མི་དམངས་ཉེན་རྟོག་པ་གཉིས་པོས་རང་ཉིད་ཆུ་རྐྱལ་མི་ཤེས་ཀྱང་ཕོ་གཞོན་དེའི་མི་ལུས་བདེ་འཇགས་ལ་འགན་ལེན་བྱེད་ཐུབ་པའི་ཆ་རྐྱེན་འོག ཐག་པ་དེ་ཕོ་གཞོན་དེའི་རྐེད་པར་དཀྲིས་ནས་སྐྱེས་པ་དེ་སྐྱོབ་ཐབས་བྱས།

    ཕོ་གཞོན་དེས་སྐྱེས་པ་དེའི་རྐེད་པ་ནས་འཇུས་པ་དང་མི་དམངས་ཉེན་རྟོག་པ་གཉིས་པོས་ཐག་པ་འཐེན་ནས་ཁོང་ཚོ་གཙང་འགྲམ་དུ་འདྲུད། སྲོག་སྐྱོབ་བྱ་སྤྱོད་དུས་ཐོག་ཏུ་སྤེལ་ཐུབ་པར་བརྟེན་སྐྱེས་པ་དེའི་ཚེ་སྲོག་ལ་ཉེན་ཁ་འཕྲད་མེད།

    ཤེས་རྟོགས་བྱུང་བ་ལྟར་ན། སྐྱེས་པ་དེ་བུ་ལོན་དང་ཁྱིམ་ཚང་གི་གནོན་ཤུགས་དབང་གིས། བསམ་ཤེས་མ་ཐུབ་པར་ཆུར་མཆོངས་ནས་རང་ཤི་རྒྱག་རྩིས་བྱས་པ་ཞིག་རེད། སྟབས་ལེགས་པ་ཞིག་ལ་རྒྱ་ཚའི་སྤྱི་བདེ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་རོགས་སྐྱོབ་འོག མི་ཡུལ་དུ་སྐྱོ་གར་ཞིག་མི་ཐོན་པ་བྱུང་ཡོད། མིག་སྔར་མི་དམངས་ཉེན་རྟོག་པས་སྐྱེས་པ་དེ་ཁྱིམ་དུ་བསྐྱལ་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།