རང་ལྗོངས་སུ་རྒན་རྒོན་ཉིན་སྐྱོང་ལྟེ་གནས་48སྤྱོད་འགོ་ཚུགས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གླིང་ཆུང་སྒང་གི་རྒན་རྒོན་ཉིན་སྐྱོང་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དེ་ནས་བཟུང་ས་གནས་དེ་གའི་རྒན་རྒོན་ཚོར་ཁྱིམ་ཚང་ལྟར་གྱི་རྒན་གསོ་དང་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཡག་པོ་ཞིག་བྱུང་བ་རེད། མིག་སྔར་རང་ལྗོངས་སུ་རྒན་རྒོན་ཉིན་སྐྱོང་ལྟེ་གནས་48ཡོད་པ་དང་རིམ་རྩིས་བྱས་ན་སྡེ་ཁུལ་གྱི་རྒན་རྒོན་མི་ཐེངས་ཁྲི་21.8ལ་འཚོ་བའི་ལྟ་རྟོག་དང་། སེམས་གསོ། རིག་གནས་རོལ་རྩེད་སོགས་ཀྱི་ཞབས་འདེགས་ཞུ་ཡི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ནས་བཟུང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་རིམ་ཁག་རྒྱན་ཤོག་སྤྱི་ཕན་མ་དངུལ་ནས་སྒོར་དུང་ཕྱུར་2.4བཏང་སྟེ་གྲོང་གསེབ་ཀྱི་བདེ་སྡོད་ཁང་བཟང་ཁག་80སྐྲུན་འགོ་བཙུགས་ཤིང་། རྣམ་གྲངས་ལག་ལེན་དུ་བསྟར་རྗེས་གྲོང་གསེབ་ཀྱི་རྒན་རྒོན་དང་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་བདེ་ཐང་སྐོར་གྱི་མཛུབ་ཁྲིད་དང་། ཉིན་མོའི་ལྟ་རྟོག རིག་གནས་རོལ་རྩེད། ལུས་གསོ་དྲག་སྐྱེད། སེམས་གསོ་སོགས་ཀྱི་ཞབས་འདེགས་ཞུ་རྒྱུ་རེད། མིག་སྔར་གྲོང་གསེབ་ཀྱི་བདེ་སྡོད་ཁང་བཟང་ཁག་24བསྐྲུན་ཟིན་པ་དང་དེའི་ནང་ནས་3བེད་སྤྱོད་གཏོང་འགོ་ཚུགས་ཡོད།