མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།
ནུས་ཤུགས་ཡོད་རྒུས་འབྲུབ་འགོག་ཉེན་སེལ་རོགས་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ།
འབྲུབ་འགོག་གི་འགག་རྩའི་དུས་སུ་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་གཏོང་བའི་དོན་དངོས་དང་ཟུང་འབྲེལ་གང་ལེགས་བྱས་ནས། མཉམ་འབྲེལ་ལས་སྒྲུབ་དང་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། དབྱེ་ཞིབ་དང་མཐའ་དཔྱོད་ལ་ཤུགས་སྣོན་རྒྱག་པ། དངོས་འཐབ་དམག་སྦྱོང་འབུར་དུ་ཐོན་པ། དམག་འཐབ་བདེ་འཇགས་འགན་ལེན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་ཉེན་སེལ་རོགས་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་པ་རེད།
སྔོན་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྤེལ་ཞིང་། འབྲུབ་དུས་ཀྱི་ཉེན་ཁར་དམིགས་ནས་མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འཕྲལ་མར་འབྲུབ་འགོག་དང་ཆུ་ལོག་འགོག་པའི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཉིང་ལག་རུ་ཁག་རིམ་པའི་ཆུ་ཁོངས་རོགས་སྐྱོབ་བབ་བསྟུན་དཔུང་རུ་1དང་ས་ཚིགས་རིམ་པའི་ཆུ་ཁོངས་རོགས་སྐྱོབ་ཆེད་ལས་རུ་ཁག་3བཙུགས་པར་བསྡོམས་རླངས་འཁོར་15དང་། གྲུ་གཟིངས་3 མི་63 ལེ་ལག་ཚང་བའི་སྒྲིག་ཆས་545བཅས་བཀོད་སྒྲིག་བྱས་པ་རེད། 《བོད་རང་སྐྱོང་ལྗོངས་ཤྭ་འོད་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ》དང《མངའ་རིས་ས་ཁུལ་གྱི་གནམ་གཤིས་ཞབས་ཞུའི་ཆ་འཕྲིན》སོགས་ཆ་འཕྲིན་108བསྡུ་ལེན་ཤེས་རྟོགས་བྱས་པ་དང་། དབྱེ་ཞིབ་མཐའ་དཔྱོད་སྙན་ཞུ་108བྲིས་པ། འབྲུབ་འགོག་དང་ཆུ་ལོག་འགོག་པའི་སྔོན་ཇུས་ཁག་9འཐུས་སྒོ་ཚང་དུ་བཏང་སྟེ། འབྲུབ་འགོག་དང་ཆུ་ལོག་འགོག་པའི་རོགས་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་དང་སྔོན་ཚུད་ནས་ཡག་པོ་བསྒྲུབས་ཡོད།
འཇོན་ཐང་ངོ་མ་སྦྱངས་ཤིང་། མིག་སྔའི་འབྲུབ་འགོག་དུས་བབ་ལ་དམིགས་ནས། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཆེད་ལས་སྒྲིག་གཞི་གདན་དྲངས་ནས་ཆུ་ཁོངས་རོགས་སྐྱོབ་དང་། ཐག་གློད་རོགས་སྐྱོབ། ས་བབ་མཐོ་བའི་ཆུར་འཛུལ་རོགས་སྐྱོབ་བཅས་ཀྱི་ལག་རྩལ་གསོ་སྦྱོང་བྱས་པ་དང་། བཀོད་འཐབ་པ་33གྱིས་ཆེད་ལས་རྩལ་ནུས་ཚན་ཁག་གི་གསོ་སྦྱོང་དང་དཔྱད་ཞིབ་ལས་དོན་ཁག་ལེགས་སྒྲུབ་བྱུང་ནས་ཆེད་ལས་དཔུང་ཁག་གི་སྟོབས་ཤུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད།
བདེ་འཇགས་འགག་སྒོ་དམ་དུ་བཏང་ཞིང་། བཀོད་འཐབ་པ་ཚོས་གྲོང་ཁྱེར་གྱི་འཁྱིལ་ཆུའི་གནོད་འཚེའི་སྐོར་གྱི“གཏན་ནས་བྱས་མི་ཆོག་པ་ལྔ”ཡི་“སྔོན་འགོག་དྲུག”གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། རྒྱུས་མངའ་མེད་པའི་ཆུ་ཁོངས་དང་། འཁྱིལ་ཆུ་ཆེན་པོ། མཚན་མོའི་རོགས་སྐྱོབ་སོགས་ཀྱི་དམིགས་བསལ་གནས་ཚུལ་ལ་དམིགས་ནས་བདེ་འཇགས་ཀྱི་བྱ་ཐབས་ཁག་བཅུ་དང་ཆུ་ཁོངས་ཀྱི་རོགས་སྐྱོབ་འཐབ་རྩལ་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། བཀོད་འཐབ་པར་སྡེབ་སྒྲིག་བྱས་པའི་འགོག་སྲུང་དང་རོགས་སྐྱོབ་སྒྲིག་ཆས་ཚང་མ་ཆུ་ནང་དུ་ཚོད་ལྟ་དང་ས་གནས་ས་ཐོག་ཏུ་ཚད་ལེན་ཚོད་ལྟ་བྱས་ཏེ་བདེ་འཇགས་རང་བཞིན་དང་བློས་འགེལ་རང་བཞིན་ལ་ཞིབ་དཔྱད་བྱེད་དགོས་པ། “སུས་སྒྲིག་འཛུགས་བྱས་ན་དེས་འགན་འཁུར་བ་དང་། སུས་བཀོད་འདོམས་བྱས་ན་དེས་འགན་འཁུར་བའི”རྩ་དོན་ལ་གཞིགས་ནས་བདེ་འཇགས་དོ་དམ་གྱི་འགན་འཁྲིའི་ལམ་སྲོལ་རིམ་པ་དབྱེ་ནས་བཙུགས་ཏེ། གོང་རིམ་གྱིས་འོག་རིམ་ལ་བདེ་འཇགས་ལས་འཛོལ་གྱི་ཞོར་འབྲེལ་འགན་འཁྲི་འཁུར་བ་དང་བྱ་སྤྱོད་བདེ་འཇགས་ཀྱི་མཐའ་ཚད་དང་དམར་ཐིག་སྔར་བས་ཁ་གསལ་བཟོ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།