དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྡོད་ཁང་འཛུགས་སྐྲུན་པུས་མཉམ་དུ《བསམ་འཆར》བཀྲམ་ནས།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཁྱབ་ཁོངས་ཀྱི་ཁྲིམས་སྒྱུར་ཁྲིམས་འཛིན་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྡོད་ཁང་འཛུགས་སྐྲུན་པུས་མཉམ་དུ《ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ཁྲོད་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བརྗོད་རྒྱུ)བཀྲམ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཁྱབ་ཁོངས་ཀྱི་ཁྲིམས་སྒྱུར་ཁྲིམས་འཛིན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་སྲིད་འཛིན་ཁྲིམས་སྒྱུར་དང་ཞིབ་དཔྱོད་ལྟ་སྐུལ་སྲུང་སྐྱོང་གི་མཉམ་ཤུགས་ཤིག་ཆགས་པར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཁྲིམས་སྐྱོང་སྲུང་བཅད་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་ཡིན་པ་རེད།

    《བསམ་འཆར》ནང་། སྡོད་ཁང་འཛུཊ་སྐྲུན(འཆར་འགོད)སྡེ་ཚན་གྱི་སྲིད་འཛིན་ཁྲིམས་སྒྱུར་དང་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་མཐུན་སྦྱོར་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་མཉམ་འགུལ་ཡག་པོ་བྱེད་པར་སྐུལ་འདེད་བཏང་སྟེ། སྲིད་འཛིན་ཁྲིམས་སྒྱུར་དང་ཞིབ་དཔྱོད་ལྟ་སྐུལ་སྲུང་སྐྱོང་གི་མཉམ་ཤུགས་ཤིག་ཆགས་པ་བྱ་རྒྱུ་དེ་ལོ་རྒྱུས་རིག་གནས་ཤུལ་བཞག་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོང་དང་། བེད་སྤྱོད། རྒྱུན་འཛིན་བཅས་ཡག་པོ་བྱེད་པར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཁྱབ་ཁོངས་ཀྱི་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཁྲིམས་ལྟར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་དང་། རིམ་ཁག་སྡོད་ཁང་འཛུགས་སྐྲུན(འཆར་འགོད)སྡེ་ཚན་གྱིས་ཁྲིམས་ལྟར་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པ་དང་ཁྲིམས་སྒྱུར་ནན་པོ་བྱས་ཏེ་ཞིབ་དཔྱོད་ལས་ཁུངས་དང་མཐུན་སྦྱོར་མཉམ་ལས་བྱས་ཏེ་སྤྱི་ཕན་གཏུག་བཤེར་ལས་དོན་སྤེལ་དགོས་པའི་ནན་བཤད་བྱས་པ་རེད།

    《བསམ་འཆར》ནང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་གཏན་འཁེལ་ཁ་གསལ་བྱས་ཡོད། རྒྱལ་ཁབ་ཀྱི་ཁེ་ཕན་ནམ་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་ལྷག་པར་དུ་གནས་ཚུལ་ཚབས་ཆེན་དང་། ཤུགས་རྐྱེན་ངན་པ། དག་ཐེར་མི་བྱེད་པ་བཅས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ཏེ་ལོ་རྒྱུས་གྲོང་ཁུལ་གྱི་སྤྱི་ཡོངས་དོ་དམ་ཚོད་འཛིན་དང་། ལོ་རྒྱུས་རིག་གནས་ཁྲོམ་གཞུང་དང་ལོ་རྒྱུས་ཁུལ་གྱི་སྲུང་སྐྱོང་། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་དང་གྲོང་ཚོ་སྲུང་སྐྱོང་། དེ་བཞིན་ལོ་རྒྱུས་བཟོ་སྐྲུན་སྲུང་སྐྱོང་བཅས་གཙོ་གནད་ཁྱབ་ཁོངས་བཞི་ལ་གཙོ་གནད་ཐོག་དོ་ཁུར་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    《བསམ་འཆར》ནང་། རིམ་ཁག་ཞིབ་དཔྱོད་ལས་ཁུངས་དང་སྡོད་ཁང་འཛུགས་སྐྲུན(འཆར་འགོད)སྡེ་ཚན་གྱིས་སྤེལ་རེས་ཐབས་ལམ་དང་བྱ་ཐབས་སྔར་བས་རྒྱ་ཆེར་གཏོང་བ་དང་རྒྱུན་གཏན་རང་བཞིན་དང་སྣ་མང་ཅན་གྱི་མཉམ་ལས་ལམ་སྲོལ་བཙུགས་ནས། ཁུངས་སྣེ་སྐྱེལ་སྤྲོད་དང་། གྲོས་མོལ་མཐའ་དཔྱོད། ཆ་འཕྲིན་མཉམ་སྤྱོད། མཉམ་འབྲེལ་ཆེད་དོན། བརྟག་དཔྱད་དཔང་ལེན། ཆེད་ལས་རྒྱབ་སྐྱོར། གྱོད་དཔེ་ཡོངས་བསྒྲགས་སོགས་ཐད་ཀྱི་ཞིབ་ཕྲའི་མཉམ་ལས་ནང་དོན་ཁ་གསལ་བཟོས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་གྱི་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།