གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས།
ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དང་སློབ་གསོ་མི་སེམས་ལ་ཟུག་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
འདི་ནི་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་ཐེམ་ཐོ་དོ་དམ་ཁང་དུ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་བཞིན་པ།
འདི་ནི་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་རྒྱ་ལམ་འགྲུལ་པར་ཁྲིམས་ལུགས་ཁྱབ་གདལ་གཏོང་བཞིན་པ།
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་དང་བཅའ་ཁྲིམས་བྱང་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་བཅས་བྱ་ཆེད། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་བཅའ་ཁྲིམས་ཁྱབ་གདལ་གྱི་གཡུལ་ས་སྣ་མང་བཏོད་པ་དང་ཐབས་ལམ་མང་པོར་བརྟེན་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཏེ་ཁྲིམས་སྐྱོང་གི་གྲོ་མོ་སྨད་འཛུགས་སྐྲུན་བྱེད་པར་ནུས་པ་གང་ཡོད་བཏོན་ཡོད།
ཁྲིམས་ལྟར་ཁྲིམས་སྒྱུར་བྱེད།
ཁྲིམས་ལུགས་ཁྱབ་གདལ་གྱི་སྐབས་འཕྲལ“གཡུལ་ས”བཏོད།
གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་ངག་བཟང་ལས་སྒྲུབ་ས་ཚིགས་ནི་ཀྲུང་གོ་ནས་འབྲུག་ཡུལ་དང་རྒྱ་གར་དུ་བསྐྱོད་སའི་ལམ་གཙོ་བོ་ཞིག་ཡིན་པས་མི་སྣ་དང་། རླངས་འཁོར། དངོས་ཟོག་བཅས་ལ་བརྟག་ཞིབ་དང་། ལྐོག་སྒྲོལ་དང་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ལས་འགན་འཁུར་གྱི་ཡོད་ལ། གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་དྲིལ་བསྒྲགས་ཀྱི་རྣམ་པ་གཞུང་འཁྱོངས་གསར་འབྱེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་གྱི་དྲིལ་བསྒྲགས་བྱེད་སྟངས་ལ་འགྱུར་ལྡོག་བཏང་སྟེ། ཁྲིམས་སྒྱུར་བྱ་ཡུལ་དེ་ཁྲིམས་ལུགས་ཁྱབ་གདལ་བྱ་ཡུལ་དུ་བསྒྱུར་ནས་རང་འགུལ་ངང་གསལ་བཤད་བྱེད་པ་དང་། དོགས་གནད་སེལ་བ། གནད་ལུགས་བརྗོད་པ་བཅས་ཕྱོགས་གསུམ་ནས་ཁྲིམས་ལུགས་དྲིལ་བསྒྲགས་གནད་སྨིན་བྱེད་ཀྱི་ཡོད་པ་རེད། ཚད་ལྡན་ཁྲིམས་སྒྱུར་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་གནད་སྨིན་བྱེད་པ་དང་ཁྲིམས་ལུགས་ཁྱབ་གདལ་གཏིང་ཟབ་ཏུ་བཏང་ནས་ཁྲིམས་སྒྱུར་ནན་པོར་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་དྲིལ་བསྒྲགས་དེ་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད་པ་རེད།
གྲོང་ཚོ་དང་དུད་ཚང་དུ་བསྐྱོད།
ཁྲིམས་ལུགས་ཁྱབ་གདལ་གྱི“སྒུལ་བདེའི་གཡུལ་ས”བཏོད།
གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་དྲ་མིག་ཅན་གྱི་ཉེན་རྟོག་པས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་དེ་དབྱར་དུས་ཀྱི་བདེ་འཇགས་བཅོས་སྒྲིག་ལས་དོན་ལ་ཁྱབ་པར་བྱས་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་ལ་བསམ་གཞིག་བྱས་ཏེ་ཡུལ་བབ་དང་བསྟུན་ནས“དུད་ཚང་དུ་སྐྱོད་པའི”བྱ་ཐབས་སྤྱད་དེ་བཅའ་ཁྲིམས་ཁྲིམས་སྲོལ་སྐོར་གྱི་ཤེས་བྱ་གོ་བདེ་ཤེས་སླའི་མང་ཚོགས་ཀྱི་སྐད་ཆར་བསྒྱུར་ནས་མང་ཚོགས་དང“ངོ་ཐུག་གདོང་འཕྲད་དང་གཅིག་ལ་མང་གཏད”ཀྱི་་སྒོ་ནས་གྱོད་དཔེ་དྲངས་ཏེ་ཁྲིམས་བཤད་པས། བཅའ་ཁྲིམས་དེ་བས་གསལ་རྟོགས་ཐུབ་པར་བྱུང་ཡོད་ལ། མང་ཚོགས་ཀྱི་སྒོ་རྩར་བཅའ་ཁྲིམས་ཁྱབ་གདལ་བཏང་བར་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོན་ནས་མང་ཚོགས་ཀྱི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད།
ཡུལ་བབ་དང་བསྟུན།
ཁྲིམས་ལུགས་ཁྱབ་གདལ་གྱི“གཏན་འཇགས་གཡུལ་ས”བཏོད།
ཐེམ་ཐོ་དོ་དམ་ཁང་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མདུན་ཕྱོགས་ཀྱི་གཡུལ་ས་ཞིག་ཡིན་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཞི་མཐུན་དང་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་གཏོད་ཆེད། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་ཐེམ་ཐོ་དོ་དམ་ཁང་དུ་ལས་དོན་གཉེར་བར་ཡོང་མཁན་མང་ཚོགས་མང་བའི་ལེགས་ཆར་བརྟེན་ནས་ཐེམ་ཐོ་དོ་དམ་ཁང་ཆུང་ཆུང་དེ་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་གར་སྟེགས་ཆེ་ཤོས་སུ་བསྒྱུར་ནས་གློག་འཕྲིན་གྱི་ཁ་བསླུས་འགོག་པ་དང་། དུག་འགོག་རྒྱན་འགོག འགལ་བ་དང་རྩོད་གཞི་ཐག་གཅོད། འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་གཙོ་གནད་ལས་དོན་དང་ན་སོ་དར་ལ་མ་བབས་པའི་མིས་དྲ་ཐོག་ཐད་གཏོང་ལ་དངུལ་སྤྲོད་པ་སོགས་གནད་དོན་ལ་དམིགས་ནས་མང་ཚོགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་བས། ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།