ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱིས།
འཕྲུལ་སྒུལ་གྱི་འཁོར་བྱང་རྫུན་མ་སྤྱོད་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།
འཕྲུལ་སྒུལ་གྱི་འཁོར་བྱང་ནི་འཕྲུལ་སྒུལ་འཁོར་རིགས་ལམ་དུ་བསྐྱོད་པའི་འགྲོ་སྐྱོད་ལག་ཁྱེར་གྱི་གྲས་ཤིག་ཡིན་ཞིང་། དེ་ནི་འཕྲུལ་སྒུལ་འཁོར་རིགས་དབྱེ་འབྱེད་བྱེད་པའི་མཚོན་རྟགས་ཤིག་རེད། རླངས་འཁོར་གཏོང་མཁན་འགའ་ཞིག་གིས་ཁྲིམས་སྒྱུར་ལས་གཡོལ་ཆེད། མགོ་བདེ་པོས་རྐང་བཙུགས་ནས་འཁོར་བྱང་རྫུན་མ་ཉོས་ཏེ་སྤྱོད་ཀྱི་ཡོད། “འཁོར་བྱང་རྫུན་མས”གཞན་གྱི་ཁེ་ཕན་ལ་གནོད་འཚེ་བཟོ་བ་མ་ཟད། རྒྱུན་གཏན་གྱི་འགྲིམ་འགྲུལ་དོ་དམ་སྒྲིག་ལམ་ལའང་གཏོར་སྐྱོར་ཚབས་ཆེན་བཟོ་ཡི་ཡོད།
ཉེ་ཆར། ཟངས་རི་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལྗོངས་སྤྱི་བདེ་ཐིང་ལ་རྩིས་སྤྲད་ཅིང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྤྱི་བདེ་ཅུས་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་རུ་ཆེན་གྱིས་རྩིས་བླངས་པའི་གྱོད་གཞི་ཞིག་གི་ཁུངས་སྣེར“སྐྱེ་ཁུངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ནས་ཡིན་པའི་ཚེ་ཆེ་གེ་མོས་ཟངས་རི་རྫོང་ཧྭ་ཤིན་ཨར་འདམ་བཟོ་གྲྭར་ལས་ཀ་བྱེད་སྐབས་དྲ་རྒྱ་ནས་འཁོར་བྱང་རྫུན་མ་ཉོས་པའི་དོགས་པ་ཡོད་པས། ཟངས་རི་རྫོང་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱིས་ཁྲིམས་ལྟར་བརྟག་དཔྱད་བྱེད་རོགས”ཞེས་འཁོད་ཡོད། ཁུངས་སྣེ་དེ་འབྱོར་རྗེས་ཟངས་རི་རྫོང་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱིས་འཕྲལ་མར་ཞིབ་དཔྱད་ལས་དོན་སྤེལ་བ་རེད།
མིག་སྔར་ཚེ་ཆེ་གེ་མོ་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དུ་ལས་ཀ་བྱེད་བཞིན་ཡོད་སྟབས། ཟངས་རི་རྫོང་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱིས་ལྷ་རྩེ་རྫོང་དུ་མི་དམངས་ཉེན་རྟོག་པ་མངགས་ནས་གྱོད་གཞི་དེར་སྔར་བས་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཟླ་5པར་ཚེ་ཆེ་གེ་མོས་ཟངས་རི་རྫོང་ཧྭ་ཤིན་ཨར་འདམ་བཟོ་གྲྭར་ལས་ཀ་བྱེད་རིང་དྲ་རྒྱ་ནས་རྫུན་བཟོ་བྱས་པའི་འཁོར་བྱང(**C9305) གཉིས་ཉོས་ཤིང་། ཚེ་ཆེ་མོས་ཀྱང་རང་ཉིད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཁས་བླངས་པ་རེད།
ཟངས་རི་རྫོང་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ང་གཉིས་པའི་ནང་གསེས་གཉིས་པ་དང་། དོན་ཚན་བཅུ་དགུ་པའི་ནང་གསེས་དང་པོ། དོན་ཚན་བཅུ་གཅིག་པའི་ནང་གསེས་དང་པོ་བཅས་ཀྱི་གཏན་འབེབས་ལྟར། ཚེ་ཆེ་གེ་མོར་བཀག་ཉར་ཉིན་5བྱ་རྒྱུ་དང་ཁྲིམས་འགལ་ངང་ཉོས་པའི་རྫུན་བཟོའི་འཁོར་བྱང་2གཞུང་བཞེས་གཏོང་བའི་སྲིད་འཛིན་ཆད་པ་གཅོད་རྒྱུའི་ཐག་བཅད་པ་རེད།
མི་འགའ་ཞིག་གིས་ལག་ཁྱེར་རྫུན་མ་བཟོ་བ་དང་འཚོང་བའི་བྱེད་སྤྱོད་ནི་ཁྲིམས་འགལ་ཡིན་པ་ཤེས་པ་ལས། ལག་ཁྱེར་རྫུན་མ་ཉོ་བ་དང་སྤྱོད་པ་ནི་ཁྲིམས་འགལ་གྱི་བྱེད་སྤྱོད་ཡིན་པ་ཤེས་ཀྱི་མེད། བྱང་བུ་རྫུན་མ་དང་ཨང་རྟགས་རྫུན་མ་སྤྱོད་མཁན་གྱི་འཁོར་རིགས་ནི་གཏན་འབེབས་ལྟར་བདེ་འཇགས་ལག་རྩལ་གྱི་ཞིབ་དཔྱད་བྱས་མེད་པའི་རིགས་ཡིན་སྲིད་པས། འཁོར་རིགས་ཀྱི་བདེ་འཇགས་ཀྱི་ནུས་པ་འགན་ལེན་བྱེད་ཐབས་བྲལ་བར་བརྟེན། འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་སླ་བ་མ་ཟད་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་གཏོར་སྐྱོན་བཟོ་བཞིན་ཡོད། རྫུན་བཟོ་དང་སྒྱུར་བཟོ་བྱས་པའི་འཁོར་བྱང་ལ་ཁྲིམས་མཐུན་གྱི་ལག་ཁྱེར་དང་འགན་བཅོལ་མེད་སྟབས། འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ་ཁ་ལོ་བ་བྲོས་བྱོལ་དུ་འགྲོ་སླ་པོ་ཡོད་པ་དང་། གྱོད་གཞི་རྩད་གཅོད་ཀྱི་དཀའ་གནད་ཆེ་རུ་འགྲོ་བས། དེས་སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་ལྷིང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་ཡི་ཡོད།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་ཞུས་དོན། ལག་ཁྱེར་རྫུན་མ་བཟོ་བ་དང་། འཚོང་བ། ཉོ་བ། སྤྱོད་པ་སོགས་ནི་ཁྲིམས་འགལ་གྱི་བྱེད་སྤྱོད་ཡིན་པས། གལ་ཏེ་གོང་གསལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཐོན་ཚེ། གནད་དོན་གྱི་ངོ་བོ་དང་ཚབས་ཆེ་ཆུང་ལ་གཞིགས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》བཞིན་ཁྲིམས་ཆད་གཅོད་རྒྱུ་རེད།