རིམ་གསུམ་སྤྱི་བདེའི་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་ཐུན་མོང་ཐོག་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ནི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དྲ་རྒྱའི་བདེ་འཇགས་སྤྱི་ཁྱབ་རུ་ཁག་གི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་སློབ་མར་དྲ་རྒྱའི་བདེ་འཇགས་སྐོར་གྱི་རྒྱུན་ཤེས་འདྲི་བཞིན་པ།
ཟླ་9ཚེས་15ཉིན། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དྲ་རྒྱའི་བདེ་འཇགས་སྤྱི་ཁྱབ་རུ་ཁག་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་ཉིང་ལག་རུ་ཁག ཆུ་ཤུར་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་བཅས་རིམ་གསུམ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞིའི་བཀྲ་ཤིས་གྲོང་ཚོ་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོར“དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད། དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲ་རྒྱའི་བདེ་འཇགས་སྡེ་ཁུལ་དང་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ་རེད།
སྡེ་ཁུལ་དུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། དྲ་རྒྱའི་བདེ་འཇགས་མི་དམངས་ཉེན་རྟོག་པས་བོད་སྐད་ནས་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་མང་ཚོགས་100ལྷག་ཙམ་ལ་དྲ་རྒྱའི་དཀྲོག་གཏམ་ཆ་འཕྲིན་སྣ་ཚོགས་ཀྱི་ཁྱད་ཆོས་དང་། དྲ་རྒྱའི་དཀྲོག་གཏམ་སྤེལ་བའི་སྤྱི་ཚོགས་ཀྱི་གནོད་འཚེ་དང་མཇུག་འབྲས་ཚབས་ཆེན་སྐོར་གསལ་འགྲེལ་ཞིབ་ཕྲ་བྱས་ནས། མང་ཚོགས་ལ“ཅིང་ཏུང་གི་ཆད་འཛིན”དང“སྤྱི་བདེ་ཞིབ་དཔྱོད་དང་ཁྲིམས་ཁང་གི་མི་སྣར་བརྫུས་པ”“དྲ་རྒྱའི་བྲིན་རྫུ”སོགས་ཐོན་མང་བའི་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
སློབ་གྲྭར་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། དྲ་རྒྱའི་བདེ་འཇགས་མི་དམངས་ཉེན་རྟོག་པས་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་2600ལྷག་ཙམ་ལ་གཞོན་ནུ་ལོ་ཆུང་གིས་ཇི་ལྟར་བྱས་ནས་མི་སྒེར་གྱི་ཆ་འཕྲིན་ཕྱིར་མི་གྱར་བ་དང་། དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན། དྲ་རྒྱའི་ཐོག་གྲོགས་པོ་འགྲིག་པར་ཡིད་གཟབ། དྲ་རྒྱའི་ཚུལ་མིན་ཆ་འཕྲིན་བཀག་འགོག དྲ་རྒྱ་ཡང་དག་སྤྱོད་པ། སྐྱོན་བྲལ་དང་ཁྲིམས་མཐུན་གྱིས་དྲ་བར་ཞུགས་པ་སོགས་ཀྱི་གནད་དོན་ལ་གསལ་འགྲེལ་བྱས་པར་མ་ཟད། ད་དུང་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་གྲངས་གཞིའི་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོང་བྱེད་ཐབས་ཀྱི་ཤེས་བྱ་ངོ་སྤྲོད་བྱས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་དྲ་སྦྲེལ་བདེ་འཇགས་བཅོས་སྒྲིག་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ལས་ཀར་ཐོབ་པའི་གྲུབ་འབྲས་གླེང་ནས། རྒྱ་ཆེའི་དགེ་སློབ་ཚོར་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། དྲ་རྒྱའི་བདེ་འཇགས་ཀྱི་དོགས་ཟོན་ནུས་པ་ཆེ་རུ་གཏོང་དགོས་པའི་དྲན་སྐུལ་བྱས་པ་རེད།