དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བོད་ཀྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་དཔེ་མཚོན་གྱོད་གཞི་ཁག་གཅིག་དམར་འདོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱིས་གླེང་མང་བ་དང་སྤྱི་ཚོགས་གླེང་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། མང་ཚོགས་དང་འབྲེལ་བ་ཟབ་མོ་ཡོད་པའི་དམངས་འཚོའི་ཁྱབ་ཁོངས་ཀྱི་ངོ་བོ་ཚབས་ཆེ་བའི་ཁྲིམས་འགལ་གྱོད་གཞི་ཁག་གཅིག་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ཁྲིམས་འགལ་བ་ཟིལ་གྱིས་གནོན་པ་དང་གཉེར་སྐྱོང་བྱེད་མཁན་ལ་ཉེན་བརྡ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ཀྱིས་རྡུང་རྡེག་ནན་པོ་གཏོང་བའི་བྱ་སྤྱོད་ཁག་གཉིས་པའི་དཔེ་མཚོན་གྱོད་གཞི་ཁག་གཅིག་ཡོངས་བསྒྲགས་བྱས་པ་རེད།

    གཅིག

    ནག་ཆུ་གྲོང་ཁྱེར་སོག་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྡེབ་ཚོང་པུའུ་ཞིག་གིས་ཐོ་འགོད་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་བཙན་གནོད་བྱས་པའི་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ།

    2022ལོའི་ཟླ་11ཚེས་28ཉིན། སོག་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་སོག་རྫོང་གི་སྡེབ་ཚོང་པུའུ་ཞིག་གི་ཟོག་སྒྲོམ་ཐོག་ནེའུ་ལན་ཧྲན་རྟགས་ཅན་གྱི་ཨ་རག་དཀར་པོ་རྫུས་མ་བསྒྲིགས་ཡོད་པའི་དོགས་པ་བྱུང་བ་དང་། བརྟག་དཔྱད་བྱས་པ་བརྒྱུད། དོ་བདག་ལ་ཚོང་ཟོག་མཁོ་འདོན་བྱེད་མཁན་གྱི་ཚོང་པའི་འོས་ཐོབ་དང་དངོས་ཟོག་ནང་འདྲེན་ཕྱིར་འཚོང་བྱས་པའི་འཛིན་ཡིག་མེད་པ་དང་། ཐོན་སྐྱེད་བཟོ་གྲྭས་ཆོད་སྡོམ་བྱས་པ་བརྒྱུད་ཨ་རག་དེ་ནི་ཐོ་འགོད་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་བཙན་གནོད་བྱས་པའི་ཚོང་ཟོག་ཡིན་པ་གཏན་འཁེལ་བྱས་པ་རེད། དོ་བདག་གི་གོང་གསལ་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རྟགས་བཅའ་ཁྲིམས》ཀྱི་དོན་ཚན་ང་བདུན་པའི་གཏན་འབེབས་ལས་འགལ་བས། 2023ལོའི་ཟླ་3ཚེས་29ཉིན་སོག་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་དང་གྱོད་འབྲེལ་དངོས་པོ་གཞུང་བཞེས་བཏང་བ་མ་ཟད། དངུལ་ཆད་སྒོར་15000ཡི་སྲིད་འཛིན་ཆད་པ་བཅད་པ་རེད།

    གཉིས།

    ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁ་རུབ་ཆུས་ཀྱི་གཤེར་རླངས་རླངས་སྣོན་ས་ཚིགས་ཤིག་གིས་ཚད་མ་ལོན་པའི་གཤེར་རླངས་ཐོན་རྫས་བཙོངས་པའི་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ།

    རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཞིབ་དཔྱད་ཚད་ལེན་ལས་ཁུངས་ལ་མངགས་ནས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་རླངས་སྣོན་ས་ཚིགས་ཤིག་གིས་བཙོངས་པའི་རྡོ་སྣུམ་གཤེར་འགྱུར་རླངས་པ(C3+C4)རིགས་ཀྱི་རྣམ་གྲངས་GB 11174-2011《རྡོ་སྣུམ་གཤེར་འགྱུར་རླངས་པའི》ཚད་གཞི་དང་མི་མཐུན་པ་ཤེས་རྟོགས་བྱུང་ནས་ཚད་གཞི་ལོན་མེད་པའི་ཐོན་རྫས་སུ་གཏན་འཁེལ་བྱས་པ་རེད། དོ་བདག་གིས་ཚད་གཞི་ལོན་མེད་པའི་རྡོ་སྣུམ་གཤེར་འགྱུར་རླངས་པ་བཙོངས་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་གཏན་འབེབས་ལས་འགལ་བས། 2023ལོའི་ཟླ་3ཚེས་31ཉིན་ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་གི་གྱོད་འབྲེལ་དངོས་རྫས་དང་ཁྲིམས་འགལ་ཡོང་འབབ་སྒོར་2550གཞུང་བཞེས་བཏང་བ་མ་ཟད། དངུལ་ཆད་སྒོར་23100ཡི་སྲིད་འཛིན་ཆད་པ་བཅད་པ་རེད།

    གསུམ།

    གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གློག་སྐས་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སི་ཞིག་གིས་གློག་སྐས་བདེ་འཇགས་ལག་རྩལ་གྱི་ཚད་གཞིའི་བླང་བྱ་ལྟར་གློག་སྐས་ལ་སྲུང་སྐྱོང་དང་ཉམས་གསོ་བྱས་མེད་པའི་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ།

    2023ལོའི་ཟླ་5ཚེས་5ཉིན། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་པས་གཞིས་རྩེ་གྲོང་ཁྱེར་གྱི་དམངས་སྲོལ་རིག་གནས་ཞབས་ཞུ་ཚད་ཡོད་ཀུང་སི་ཞིག་ལ་དམིགས་བསལ་རིགས་ཀྱི་སྒྲིག་ཆས་ལ་ཞིབ་བཤེར་བྱེད་སྐབས། ཀུང་སི་དེའི་སྤྱོད་བཞིན་པའི་གློག་སྐས་ལ་ཉམས་གསོ་དང་སྲུང་སྐྱོང་བྱེད་པའི་ཟིན་ཐོ་གང་ཡང་མེད་པ་ཤེས་རྟོགས་བྱུང་བ་རེད། ཁྲིམས་སྒྱུར་པས་བརྟག་དཔྱད་བྱས་པ་བརྒྱུད། གློག་སྐས་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་འགན་ནི་གློག་སྐས་བཟོ་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་ཞིག་ལ་ཡོད་པ་དང་། ཀུང་སི་དེས་གཏན་འབེབས་ཀྱི་བླང་བྱ་ལྟར་གློག་སྐས་ལ་སྲུང་སྐྱོང་དང་ཉམས་གསོ་བྱས་མེད་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་རིགས་ཀྱི་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་ལྔ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་བས། 2023ལོའི་ཟླ་8ཚེས་7ཉིན་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་མ་ཟད། དངུལ་ཆད་སྒོར་15000ཡི་སྲིད་འཛིན་ཆད་པ་བཅད་པ་རེད།

    བཞི།

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སོལ་རླངས་ཀུང་སི་ཞིག་གིས་ཚད་གཞི་ལོན་མེད་པའི་རྡོ་སྣུམ་གཤེར་འགྱུར་རླངས་པ་བཙོངས་པའི་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ།

    རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཚད་ལེན་ཁང་ལ་མངགས་ནས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། གོང་དཀར་རྫོང་གི་རླངས་སྣོན་ས་ཚིགས་ཤིག་གིས་བཙོངས་པའི་རྡོ་སྣུམ་གཤེར་འགྱུར་རླངས་པ(C3+C4)རིགས་དང་། C5དང་C5ཡན་གྱི་རིགས་ཀྱི་རྣམ་གྲངས་GB 11174-2011གི་ཚད་གཞི་དང་མི་མཐུན་པ་ཤེས་རྟོགས་བྱུང་ནས་ཚད་གཞི་ལོན་མེད་པའི་ཐོན་རྫས་སུ་གཏན་འཁེལ་བྱས་པ་རེད། དོ་བདག་གིས་ཚད་གཞི་ལོན་མེད་པའི་རྡོ་སྣུམ་གཤེར་འགྱུར་རླངས་པ་བཙོངས་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་གཏན་འབེབས་ལས་འགལ་བས། 2023ལོའི་ཟླ་5ཚེས་18ཉིན་གོང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་གི་གྱོད་འབྲེལ་དངོས་རྫས་དང་ཁྲིམས་འགལ་ཡོང་འབབ་སྒོར་2149གཞུང་བཞེས་བཏང་བ་མ་ཟད། དངུལ་ཆད་སྒོར་28000ཡི་སྲིད་འཛིན་ཆད་པ་བཅད་པ་རེད།

    ལྔ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚོང་དོན་ཚད་ཡོད་ཀུང་སི་ཞིག་གིས་ལག་ཁྱེར་མེད་པར་ཚགས་ཤའི་ཐོན་རྫས་བཙོངས་པའི་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཞུ་གཏུག་ཐེར་འདོན་བྱེད་པའི་ཁུངས་སྣེར་གཞིར་བཟུང་། ཁྲིམས་སྒྱུར་པ་སྒྲིག་འཛུགས་བྱས་ནས་ཚོང་དོན་ཚད་ཡོད་ཀུང་སི་ཞིག་གི་གཉེར་སྐྱོང་བྱ་ཡུལ་ལ་ཞིབ་བཤེར་བྱས་པ་བརྒྱུད། ཚོང་དོན་ཚད་ཡོད་ཀུང་སི་དེས་བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ཐོབ་མེད་པའི་གནས་ཚུལ་འོག་ཚགས་ཤའི་ཐོན་རྫས་བཙོངས་པའི་བྱེད་སྤྱོད་ཤེས་རྟོགས་བྱུང་བ་རེད། དོ་བདག་གི་གོང་གསལ་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇཌ་བཅའ་ཁྲིམས》ཀྱི་དོན་ཚན་སོ་ལྔ་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་བས། 2023ལོའི་ཟླ་7ཚེས་12ཉིན་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་གི་གྱོད་འབྲེལ་དངོས་རྫས་དང་ཁྲིམས་འགལ་ཡོང་འབབ་སྒོར་379.8གཞུང་བཞེས་བཏང་བ་མ་ཟད། དངུལ་ཆད་སྒོར་5000ཡི་སྲིད་འཛིན་ཆད་པ་བཅད་པ་རེད།

    དྲུག

    གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གློག་ཆས་ཕྱིར་ཚོང་ཚད་ཡོད་ཀུང་སི་ཞིག་གིས་ཐོན་ཡུལ་རྫུས་མ་དང་ཐོན་རྫས་ཀྱི་སྤུས་ཚད་ཞིབ་བཤེར་ཚད་ལོན་ལག་ཁྱེར་མེད་པའི་ཁྱིམ་སྤྱོད་སོལ་རླངས་ཐབ་ཆས་བཙོངས་པའི་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ།

    2023ལོའི་ཟླ་6ཚེས་25ཉིན། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བསམ་གྲུབ་རྩེ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སོལ་རླངས་ཐབ་ཆས་ཀྱི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱེད་སྐབས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་གློག་ཆས་ཕྱིར་ཚོང་ཚད་ཡོད་ཀུང་སི་ཞིག་གི་གཉེར་སྐྱོང་བྱ་ཡུལ(མཛོད་ཁང)གྱིས་ཐོན་ཡུལ་རྫུས་མ་ཡིན་པ་དང་ཐོན་རྫས་ཀྱི་སྤུས་ཚད་ཞིབ་བཤེར་ཚད་ལོན་ལག་ཁྱེར་མེད་པའི་ཁྱིམ་སྤྱོད་སོལ་རླངས་ཐབ་ཆས་བཙོངས་པ་དང་། དོ་བདག་ལ་ཚོང་ཟོག་མཁོ་འདོན་བྱེད་མཁན་གྱི་ཚོང་པའི་འོས་ཐོབ་དང་ཚོང་ཟོག་ནང་འདྲེན་ཕྱིར་འཚོང་བྱེད་པའི་གསལ་ཐོ་མེད་པ་ཤེས་རྟོགས་བྱུང་བ་རེད། དོ་བདག་གི་གོང་གསལ་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས》ཀྱི་དོན་ཚན་སོ་དྲུག་པ་དང་དོན་ཚན་སོ་བདུན་པའི་གཏན་འབེབས་ལས་འགལ་བས། 2023ལོའི་ཟླ་8ཚེས་4ཉིན་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལྟར་དོ་བདག་ལ་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་དང་། གྱོད་འབྲེལ་དངོས་རྫས་དང་ཁྲིམས་འགལ་ཡོང་འབབ་སྒོར་1460གཞུང་བཞེས་བཏང་བ་མ་ཟད། དངུལ་ཆད་སྒོར་5000ཡི་སྲིད་འཛིན་ཆད་པ་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།