དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་མི་དམངས་ཁྲིམས་ཁང་གིས།

    ཉོ་འཚོང་གན་རྒྱའི་རྩོད་གཞི་ཞིག་ཐག་གཅོད་གང་ལེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་མི་དམངས་ཁྲིམས་ཁང་གིས་གཟའ་མཇུག་གི་ངལ་གསོའི་དུས་ཚོད་སྤྱད་ནས་ཉོ་འཚོང་གན་རྒྱའི་རྩོད་གཞི་ཞིག་ཐག་གཅོད་གང་ལེགས་བྱས་པ་རེད། མི་དམངས་ཁྲིམས་ཁང་གིས་ཁྲིམས་བཞིན་བྱེད་ཐབས་ཏན་ཏིག་སྤྱད་པ་དང་། དྲ་ཐོག་འདུམ་འགྲིག་བྱས་པ། འཕྲལ་མར་ལག་བསྟར་གང་ལེགས་བྱས་པ་སོགས་ཀྱི་ལས་དོན་ལ་རེ་ཞུ་བྱེད་མཁན་གྱིས་བསྔགས་བརྗོད་ཆེན་པོ་བྱས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། རེ་ཞུ་བྱ་ཡུལ་བློ་ཆེ་གེ་མོ་དང་རེ་ཞུ་བྱེད་མཁན་རྡོ་ཆེ་གེ་མོའི་དབར་གྱི་ཉོ་འཚོང་གན་རྒྱའི་རྩོད་གཞིའི་ཐད། ཕྱོགས་གཉིས་ཀྱིས་རང་མོས་ངང་བར་འདུམ་གྲོས་མཐུན་བཞག་ནའང་། རེ་ཞུ་བྱ་ཡུལ་བློ་ཆེ་གེ་མོས་དུས་བཀག་ལྟར་ལག་བསྟར་མ་བྱས་པར་གར་སོང་ཆ་མེད་དུ་གྱུར་པ་དང་། ཁ་པར་ནས་འབྲེལ་བའང་བྱེད་མ་ཐུབ་པར་བརྟེན་གྱོད་གཞི་དེ་ཐག་གཅོད་མ་ཐུབ་པར་ལུས། དེར་བརྟེན། དཔའ་ཤོད་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཞིན་སྤྱི་བདེ་ལས་ཁུངས་དང་མཐུན་སྦྱོར་བྱས་ནས་བློ་ཆེ་གེ་མོར་ལྟ་སྐུལ་ཚོད་འཛིན་བྱས་པ་རེད། ཟླ་9ཚེས་3ཉིན་གྱི་ཕྱི་དྲོར་ལྷ་ས་གྲོང་ཁྱེར་གྱི་འབྲས་སྤུངས་དགོན་པའི་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱིས་བློ་ཆེ་གེ་མོ་ཚོད་འཛིན་བྱས་ཡོད་པ་དཔའ་ཤོད་རྫོང་མི་དམངས་ཁྲིམས་ཁང་གིས་རྟོགས་རྗེས། འཕྲལ་མར་རེ་ཞུ་བྱེད་མཁན་རྡོ་ཆེ་གེ་མོར་འབྲེལ་བ་བྱས་ཏེ་ཁ་པར་བརྒྱུད་ནས་བར་འདུམ་བྱས་ཤིང་། བློ་ཆེ་གེ་མོར་བཅའ་ཁྲིམས་ཀྱི་འོས་འགན་ལག་བསྟར་མ་བྱས་ན་སྒལ་རལ་གྱི་གྲས་སུ་བརྩི་རྒྱུ་དང་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་བའི་མཇུག་འབྲས་ངན་པ་གསལ་པོ་བཤད་པ་མ་ཟད། དཀའ་ངལ་ཁྱད་དུ་བསད་ནས་ཁ་དན་ཚིག་གནས་ཀྱིས་ཁ་ཆད་ལག་བསྟར་བྱ་རྒྱུའི་གོ་བསྐོན་སློབ་གསོ་ཡང་བརྒྱབ་པ་རེད། ཁ་ཏ་བསླབ་བྱ་ཉན་རྗེས་བློ་ཆེ་གེ་མོས་དེ་སྔོན་ལག་བསྟར་བྱས་མེད་པར་བློ་འགྱོད་ཆེན་པོ་བྱས་པའི་ཁར་ལམ་སེང་སྒོར་1000སྤྲད་པ་དང་། ད་དུང་དུས་མཚམས་ལྟར་དངུལ་ལྷག་མ་སྤྲོད་པའི་ཁས་ལེན་ཡང་བྱས་པ་རེད།

    དཔའ་ཤོད་རྫོང་མི་དམངས་ཁྲིམས་ཁང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། དམངས་ཆེད་ཁྲིམས་འཛིན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ལག་བསྟར་བྱེད་ཐབས་ཏན་ཏིག་སྤྱད་ཅིང་། བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།