དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    4《དམངས་དོན་ཁྲིམས་གཞུང་》གི་དྲང་སྙོམས་ཀྱི་རྩ་དོན་ཞེས་པ་གང་ལ་གོ་དགོས།

    ● དོན་ཚན་དྲུག་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་དྲང་སྙོམས་ཀྱི་རྩ་དོན་བརྩི་སྲུང་ཞུ་དགོས་པ་དང་། ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་གཏན་འཁེལ་ལུགས་མཐུན་བྱེད་དགོས།

    ● དོན་ཚན་བརྒྱ་དང་བཅུ་བདུན་པ། སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དབང་མཚམས་དང་ལས་རིམ་ལྟར་བརྟན་ནོར་རམ་འགུལ་ནོར་གཞུང་བསྡུ་དང་གཞུང་སྤྱོད་བྱེད་ཚེ། དྲང་སྙོམས་དང་ལུགས་མཐུན་གྱི་གུན་གསབ་སྤྲོད་དགོས།

    ● དོན་ཚན་བརྒྱ་དང་ང་གཅིག་པ། ཕྱོགས་གཅིག་གིས་ཕ་རོལ་པོ་དཀའ་ཉེན་གྱི་གནས་སུ་གྱར་བ་དང་བརྡར་ཤ་གཅོད་ནུས་མེད་པ་སོགས་ཀྱི་གནས་ཚུལ་བེད་སྤྱོད་བྱས་ནས། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་འགྲུབ་དུས་དྲང་གཞག་ཤོར་དུ་བཅུག་པ་ཡིན་ན། གནོད་རྐྱེན་ཕོག་ཡུལ་ཕྱོགས་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་དབང་ཡོད།

    ཁྲིམས་ལུགས་འཆད་སྟེགས།

    དྲང་སྙོམས་ཀྱི་རྩ་དོན་ཞེས་པ་ནི་དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་དྲང་སྙོམས་ཀྱི་འདུ་ཤེས་སེམས་སུ་བཅངས་ནས་དྲང་གཞག་དང་ཆ་སྙོམས་ལུགས་མཐུན་ངང་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་གཏན་འཁེལ་བྱེད་ཅིང་ཁྲིམས་ལྟར་འབྲེལ་ཡོད་ཀྱི་དམངས་དོན་འགན་འཁྲི་འཁུར་བ་ལ་ཟེར། དྲང་སྙོམས་ཀྱི་རྩ་དོན་གྱི་གཞི་རྩའི་བླང་བྱ་ནི་གཤམ་གསལ་ཏེ།

    1. དམངས་དོན་བྱེད་པོ་ལ་འདྲ་མཉམ་གྱིས་དམངས་དོན་བྱེད་སྒོའི་ནང་ཞུཌ་ནས་རང་ཉིད་ཀྱི་ཁེ་ཕན་མངོན་འགྱུར་བྱེད་པའི་གོ་སྐབས་ལྡན་ཡོད།

    2. དམངས་དོན་བྱེད་པོའི་ཁེ་དབང་དང་འོས་འགན་ནི་འདྲ་མཚུངས་ཡིན་པས་ཁེ་དབང་ལོངས་སུ་སྤྱོད་པ་ལས་འོས་འགན་མི་སྒྲུབ་པ་བྱེད་མི་རུང་ལ་འོས་འགན་སྒྲུབ་པ་ལས་ཁེ་དབང་མི་སྤྱོད་པའང་བྱེད་མི་རུང་།

    3. གལ་སྲིད་འགོག་ཐབས་མེད་པའི་ཤུགས་རྐྱེན་དང་འཕྲལ་མར་ཉེན་གཡོལ། དྲང་གཞག་ཤོར་བའམ་ཞིབ་ཕྲའི་བཅའ་ཁྲིམས་ཀྱི་སྒྲིག་སྲོལ་གྱིས་དཔྱད་འཇོག་བྱེད་མི་ཐུབ་པའི་གནས་ཚུལ་བྱུང་བ་ཡིན་ན། སྤྱི་ཚོགས་ཀྱིས་ཁས་ལེན་བྱས་པའི་དྲང་སྙོམས་འདུ་ཤེས་ཀྱིས་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་ལུགས་མཐུན་གྱིས་གཏན་འཁེལ་བྱེད་དགོས།

    5《དམངས་དོན་ཁྲིམས་གཞུང་》གི་ཡིད་རྟོན་འཕེར་བའི་རྩ་དོན་ཞེས་པ་གང་ལ་གོ་དགོས།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་གསལ།

    ● དོན་ཚན་བདུན་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་ཡིད་རྟོན་འཕེར་བའི་རྩ་དོན་བརྩི་སྲུང་ཞུ་དགོས་པ་དང་། བདེན་པ་བདེན་ཐུབ་དང་ཁ་དན་ཚིག་གནས་བྱེད་དགོས།

    ● དོན་ཚན་ལྔ་བརྒྱ་པ། དོ་བདག་བར་གན་རྒྱ་འཇོག་པའི་བརྒྱུད་རིམ་ནང་དུ་གཤམ་གསལ་གྱི་གནས་ཚུལ་རིགས་བྱུང་ནས་ཕ་རོལ་པའི་ཕྱོགས་ལ་གྱོང་གུན་བཟོས་པ་ཡིན་ན། སྐྱིན་གསབ་འགན་འཁྲི་འཁུར་དགོས།

    (གཅིག) གན་རྒྱ་འཇོག་པར་ཁ་གཡར་ནས་མ་རུང་ཁོག་བཅུག་གིས་གྲོས་མོལ་བྱས་པ། (གཉིས) གན་རྒྱ་འཇོག་པ་དང་འབྲེལ་བ་ཡོད་པའི་དོན་དངོས་གལ་ཆེན་བསམ་བཞིན་དུ་སྦ་གསང་བྱས་པའམ་གནས་ཚུལ་རྫུན་མ་འདོན་སྤྲོད་བྱས་པ། (གསུམ) ཡིད་རྟོན་འཕེར་བའི་རྩ་དོན་དང་འགལ་བའི་བྱ་སྤྱོད་གཞན་དག་ཡོད་པ།

    ● དོན་ཚན་ལྔ་བརྒྱ་དང་དགུ་པའི་ནང་ཚན་གཉིས་པ། དོ་བདག་གིས་ཡིད་རྟོན་འཕེར་བའི་རྩ་དོན་བརྩི་སྲུང་བྱེད་དགོས་ཤིང་། གན་རྒྱའི་ངོ་བོ་དང་། དམིགས་ཡུལ། ཉོ་ཚོང་གི་གོམས་སྲོལ་བཅས་དང་བསྟུན་ནས་བརྡ་སྦྱོར་གཏོང་བ་དང་། རམ་འདེགས་བྱེད་པ། གསང་དོན་སྲུང་བ་སོགས་ཀྱི་འོས་འགན་སྒྲུབ་དགོས།

    ཁྲིམས་ལུགས་འཆད་སྟེགས།

    ཡིད་རྟོན་འཕེར་བའི་རྩ་དོན་ཞེས་པ་ནི་དམངས་དོན་བྱེད་པོ་ཚང་མས་དམངས་དོན་གྱི་ཁེ་དབང་སྤྱོད་པ་དང་དམངས་དོན་གྱི་འོས་འགན་སྒྲུབ་པ། དམངས་དོན་གྱི་འགན་འཁྲི་འཁུར་བ་བཅས་ཚུད་པའི་དམངས་དོན་གྱི་བྱེད་སྒོ་ཚང་མ་སྤེལ་དུས་བདེན་པ་བདེན་ཐུབ་དང་སེམས་བཟང་། མགོ་སྐོར་མི་གཏོང་བ། ཁ་ཞེ་གཉིས་མེད། ཁ་དན་ཚིག་གནས་བཅས་བྱེད་དགོས་པར་གོ ཡིད་རྟོན་འཕེར་བའི་རྩ་དོན་ནི་དམངས་དོན་ཁྲིམས་གཞུང་གི་གལ་འགངས་ཆེ་ཤོས་ཀྱི་རྩ་དོན་ཡིན་པའི་དབང་གིས་དམངས་དོན་ཁྲིམས་གཞུང་གི་རྒྱལ་པོའི་དོན་ཚན”ཞེས་སུ་གྲགས། ཁ་དན་ཚིག་གནས་ནི་ཁྲོམ་རའི་བྱེད་སྒོའི་གཞི་རྩའི་རྩ་དོན་ཡིན་ཞིང་། ཉོ་ཚོང་གི་སྒྲིག་ལམ་འགན་སྲུང་བྱེད་པའི་བཅའ་ཁྲིམས་རྩ་དོན་གལ་ཆེན་ཡིན། དེ་ནི་འདྲ་མཉམ་གྱི་རྩ་དོན་དང་འདྲ་བར་བཅའ་ཁྲིམས་ཀྱི་རྩ་དོན་ཡིན་ལ་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཀྱང་ཡིན།

    6《དམངས་དོན་ཁྲིམས་གཞུང་》གི་བཅའ་ཁྲིམས་བརྩི་སྲུང་དང་སྤྱི་སྒྲིག་སྲོལ་བཟང་གི་རྩ་དོན་ཞེས་པ་གང་ལ་གོ་དགོས།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་གསལ།

    ● དོན་ཚན་བརྒྱད་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་དང་འགལ་མི་ཆོག་པ་དང་། སྤྱི་སྒྲིག་སྲོལ་བཟང་དང་འགལ་མི་ཆོག

    ● དོན་ཚན་བརྒྱ་དང་ང་གསུམ་པའི་ནང་ཚན་གཉིས་པ། སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མི་ལྡན་པ་ཡིན།

    ཁྲིམས་ལུགས་འཆད་སྟེགས།

    བཅའ་ཁྲིམས་བརྩི་སྲུང་དང་སྤྱི་སྒྲིག་སྲོལ་བཟང་གི་རྩ་དོན་ཞེས་པ་ནི་རང་བྱུང་མི་དང་། ཁྲིམས་མི། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་བཅས་ཀྱིས་དམངས་དོན་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་སྣ་ཚོགས་ཀྱི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དང་འགལ་མི་རུང་ཞིང་། སྤྱི་པའི་སྒྲིག་ལམ་དང་སེམས་བཟང་གི་གོམས་སྲོལ་དང་ཡང་འགལ་མི་རུང་བ་ལ་གོ སྤྱི་སྒྲིག་སྲོལ་བཟང་ནི་སྤྱི་པའི་སྒྲིག་ལམ་དང་སེམས་བཟང་གི་གོམས་སྲོལ་ཞེས་པའི་མཚན་ཉིད་གཉིས་ཀྱིས་གྲུབ་པ་ཡིན་ཞིང་དེས་དམངས་དོན་བྱེད་པོས་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་དང་སྤྱི་ཚོགས་ཀྱི་བྱེད་པོའི་ཁུངས་མིས་ཡོངས་ཁྱབ་ཏུ་ཁས་འཆེས་པའི་ཀུན་སྤྱོད་གྱི་ཚད་གཞི་ལ་བརྩི་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བཅའ་ཁྲིམས་བཟོ་བའི་དུས་སུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་ཕན། དེ་བཞིན་ཀུན་སྤྱོད་ཀྱི་སྒྲིག་ལམ་བཅས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཚང་མ་སྔོན་དཔག་བྱས་ནས་ཞིབ་ཅིང་ཕྲ་བའི་བཀག་སྡོམ་རང་བཞིན་གྱི་གཏན་འབེབས་བཟོ་མི་ཐུབ་པས། སྤྱི་སྒྲིག་སྲོལ་བཟང་གི་རྩ་དོན་གྱིས་བཀག་སྡོམ་རང་བཞིན་གྱི་གཏན་འབེབས་ཀྱི་མ་འདང་ས་ཁ་གསབ་བྱེད་ཐུབ། སྤྱི་སྒྲིག་སྲོལ་བཟང་ནི་ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དང་སྤྱོད་སྐྱོང་འཛུགས་སྐྲུན་གྱི་ཆུ་ཚད་འཇལ་བའི་མཚོན་རྟགས་གལ་ཆེན་ཡང་ཡིན། སྤྱི་དམངས་ཀྱིས་དམངས་དོན་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་བརྩི་སྲུང་བྱེད་དགོས་ལ་ཀུན་སྤྱོད་ཀྱི་བླང་བྱ་དང་ཡང་མཐུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།