སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས།
དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
2023ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ཡ་རབས་ངང་དྲ་བ་སྤྱོད་པ་དང་བདེ་འཇགས་ངང་དྲ་བ་སྤྱོད་པའི་དྲ་རྒྱའི་ཁོར་ཡུག་གཏོད་པ་བཅས་བྱ་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ཟླ་9ཚེས་11ཉིན་གྱི་སྔ་དྲོར། སྣེ་གདོང་ཆུས་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཧྲིན་ལི་དུས་རབས་ཐང་ཆེན་དུ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་མི་དམངས་ཉེན་རྟོག་པས་འགྲེམས་པང་བཀོད་སྒྲིག་དང་། འཕྲེད་འགེལ་ཡི་གེ་འགེལ་བ། དྲིལ་བསྒྲགས་དཔྱད་ཡིག་དང་ལག་རྟགས་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ལ《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང་། 《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》 དྲ་རྒྱའི་བདེ་འཇགས་ཀྱི་འབྲེལ་ཡོད་ཤེས་བྱ་སོགས་ལ་འགྲེལ་བཤད་བརྒྱབ་སྟེ། མང་ཚོགས་ལ་དྲ་རྒྱའི་དྲང་ནུས་ཀྱི་བརྒྱུད་སྤེལ་བ་དང་། ལག་ལེན་བ། དར་སྤེལ་བ་བཅས་བྱེད་རྒྱུའི་བརྩོན་ལེན་བྱས་ནས། སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་ཁོར་ཡུག་ཅིག་ཐུན་མོང་ཐོག་གཏོད་པར་ཁྲིད་སྟོན་བྱས་པ་རེད།
ཟླ་9ཚེས་11ཉིན་གྱི་ཕྱི་དྲོར། སྣེ་གདོང་ཆུས་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་ལྷོ་ཁ་གྲོང་ཁྱེར་དྲ་རྒྱའི་བདེ་འཇགས་ཉིང་ལག་རུ་ཁག་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་དང་འཆད་ཁྲིད་བྱས་པ་རེད། ད་ཐེངས་ཀྱི་འཆད་ཁྲིད་སྐབས་མི་དམངས་ཉེན་རྟོག་པས“དམངས་ཀྱི་ཆེད་དུ་དྲ་རྒྱའི་བདེ་འཇགས་སྲུང་བ་དང་དྲ་རྒྱའི་བདེ་འཇགས་སྐྱོང་བར་དམངས་ལ་བརྟེན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སློབ་མ་ཚོར《བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི“བཀག་སྡོམ་ཉི་ཤུ”》དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་འགོག་ཟོན་དང་དྲ་ཐོག་གི་ཚུལ་མིན་ཆ་འཕྲིན་གཏན་འགོག་དང་འགོག་ཟོན། དེ་བཞིན་འབྲེལ་ཡོད་ཀྱི་དྲ་རྒྱའི་བདེ་འཇགས་ཤེས་བྱ་བཅས་ལ་འགྲེལ་བཤད་བརྒྱབ་པ་རེད།
ཟླ་9ཚེས་13ཉིན་ཁྲ་འབྲུག་དགོན་མངགས་གཏོང་ཁང་གིས་དགོན་སྡེ་དོ་དམ་ཨུ་ལྷན་དང་མཉམ་དུ་ཁོངས་གཏོགས་ཁུལ་ལ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་མི་དམངས་ཉེན་རྟོག་པས་འཕྲེད་འགེལ་ཡི་གེ་འགེལ་བ་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཀྱི་འགོག་ཟོན་བྱ་ཐབས་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་བཀག་འགོག དྲ་རྒྱའི་ཆ་འཕྲིན་རྫུས་མ་དབྱེ་འབྱེད། དྲ་རྒྱའི་དཀྲོག་གཏམ་བཀག་འགོག མི་སྒེར་གྱི་གསང་དོན་སྲུང་སྐྱོང་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས། མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་འདུ་ཤེས་འཇགས་པར་བྱས་པ་དང་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།