ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས།
གཟའ་མཇུག་ཏུ་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྣ་ཚོགས་སྤེལ་བ།
གཟའ་འཁོར་གཅིག་གི་བྲེལ་བརྩོན་ཆེ་བའི་སྦྱོང་བརྡར་དང་ལས་ཀ་མཇུག་འགྲིལ་རྗེས་བཀོད་འཐབ་པ་ཚོས་ཕུན་སུམ་ཚོགས་ལ་སྐྱིད་སྣང་དོད་པའི་གཟའ་མཇུག་བསུས་ཞིང་། གསོན་ཤུགས་ཀྱིས་ཁེངས་པའི་སྒར་ཁུལ་གྱི་རིག་གནས་ཁོར་ཡུག་ཟབ་མོ་གཏོད་ཆེད། ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཧུར་ཐག་སྤེལ་སྟེ་གླུ་སྐད་དང་། དགོད་སྒྲ། ཐལ་མོའི་རྡེབ་སྒྲ་བཅས་སྒར་ཁུལ་གྱི་གང་སར་ཁྱབ།
ཉིང་ལག་རུ་ཁག་གིས་རིག་གནས་བྱེད་སྒོ་ཡག་པོ་སྤེལ་བ་བཀོད་འཐབ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། བཀོད་འཐབ་པའི་སེམས་ཁམས་ལྷོད་དུ་གཏོང་བ། བཀོད་འཐབ་པའི་གནོན་ཤུགས་ཆུང་དུ་གཏོང་བ། བཀོད་འཐབ་པའི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་མཐའ་འཁྱོངས་བྱས་ཤིང་། “ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་གསར་པ། ཁོར་ཡུག་འཁྲུག་ཆ་དོད་པ”བཅས་ཀྱི་རྩ་དོན་ལྟར་མོས་ཕྱོགས་ཚོགས་ཆུང་བཙུགས་ཏེ་བཀོད་འཐབ་པའི་སེམས་ཁམས་ནས་ཡིད་མུག་སེལ་བ་དང་། རིག་གནས་ཀྱི་སྐོམ་པ་སེལ་བ། གནོན་ཤུགས་ཆུང་དུ་གཏོང་བ་བཅས་ཏན་ཏིག་ཐུབ་ཡོད། དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི་སྒར་ཁུལ་བཙུགས་ཏེ་རིག་གནས་ཀྱི་སྙིང་དོན་ཟབ་ཏུ་བཏང་ཞིང་། གཞི་རིམ་ཚན་པ་ཁག་གིས་བཀོད་འཐབ་པའི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་རིག་གནས་ལུས་རྩལ་སྒྲིག་བཀོད་དང་རིག་གནས་ཐོན་ཁུངས་ཁག་གང་ལེགས་སྤྱད་དེ་སྤོ་ལོའི་རིགས་དང་། མིག་མངས་དང་ཤོ་སྦག་རིགས། དཔེ་ཀློག་རིགས་བཅས་ཀྱི་རིག་གནས་རོལ་རྩེད་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་ངང་སྤེལ་བ་བརྒྱུད། བཀོད་འཐབ་པ་ཚོས་བྱེད་སྒོའི་ཁྲོད་ནས་མཉམ་སྡེབ་ཀྱི་གཟི་བརྗིད་ཚོར་སེམས་ཟབ་ཏུ་དང་མཛའ་གཅུགས་ཟབ་ཏུ་ཕྱིན་ཐོག མཐུན་སྒྲིལ་ཞི་མཐུན་དང་སྐྱོན་བྲལ་ཡར་ཐོན་གྱི་ཁོར་ཡུག་ཟབ་མོ་བཏོད་པ་རེད།
སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་རིང་། བཀོད་འཐབ་པ་ཚོས་ལག་འཁྱེར་ཁ་པར་ལ་དབྱིངས་མ་ཞུགས་པར་ཤེས་བྱ་ཁོང་དུ་ཆུད་པ་དང་། འཇོན་ཐང་ཆེར་སྐྱེད། མོས་ཕྱོགས་སྐྱེད་སྲིང་བཅས་ཐུབ་པ་མ་ཟད་སེམས་ཁམས་ཀྱི་གནོན་ཤུགས་སྔར་བས་ཞི་ལྷོད་དུ་སོང་བ་དང་། ནང་ཁུལ་གྱི་འབྲེལ་བ་ཡག་ཏུ་ཕྱིན་པ། དཔུང་ཁག་གི་གོང་བུ་འགྲིལ་ཤུགས་དང་། འཐབ་ནུས། ལྟེ་བར་ཕྱོགས་ནུས་བཅས་ཀྱང་ཆེ་རུ་ཕྱིན་ཡོད། བཀོད་འཐབ་པ་ཚོས་དུས་ཐུང་གི་བྱེད་སྒོ་སྣ་ཚོགས་སྤེལ་རྗེས་སྙིང་སྟོབས་དེ་བས་ཆེར་བསྐྱེད་ཀྱི་སྒོ་ནས་མེ་ཟོན་རོགས་སྐྱོབ་བྱ་གཞག་ཁྲོད་ཞུགས་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
གོང་གི་པར་འདི་དག་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་གཟའ་མཇུག་བྱེད་སྒོ་སྤེལ་ཡུལ་ཡིན་པ།