ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་མི་དམངས་ཁྲིམས་ཁང་གིས།
སློབ་གྲྭར་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྷོ་རོང་རྫོང་མི་དམངས་ཁྲིམས་ཁང་གིས་རྫོང་སྤྱི་བདེ་ཅུས་སོགས་ཚན་པ་དང་མཉམ་དུ་རྫོང་སློབ་ཆུང་དང་པོ་སོགས་སློབ་གྲྭར་བསྐྱོད་དེ་དགེ་སློབ་2000ལྷག་ཙམ་ལ་ནང་དོན་ཕུན་སུམ་ཚོགས་པའི་ཁྲིམས་སྐྱོང་སློབ་ཚན་འཁྲིད་ཅིང་། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། གཞོན་ནུ་ལོ་ཆུང་གི་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་ཁྲིད་སྟོན་བྱ་ཆེད་རེད།
སློབ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》སོགས་དགེ་སློབ་ཀྱི་སློབ་སྦྱོང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་གཙོ་བོར་དམིགས་ནས་སློབ་ཁྲིད་བྱས་པ་རེད། སློབ་ཁྲིད་དགེ་རྒན་གྱིས་སློབ་རའི་བརྙས་བཅོས་དང་དེ་ཉིད་ཐོན་པའི་རྒྱུ་རྐྱེན་གྱི་སྐོར་དང་། དེ་བཞིན་ཇི་ལྟར་བྱས་ནས་ལུགས་མཐུན་ངང་ཁ་གཏད་གཅོག་དགོས་པ་སོགས་ཀྱི་ནང་དོན་གླེང་བ་དང་འབྲེལ། སློབ་གྲྭའི་ནང་སློབ་མར་བརྙས་བཅོས་ཕོག་སྐབས་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
ད་ཐེངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བརྒྱུད། སློབ་མའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། སློབ་མས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་ཁྲིད་སྟོན་ཐུབ་ནས། དུས་བདེའི་སློབ་གྲྭ་དང་ཞི་མཐུན་སློབ་གྲྭ་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད། སློབ་མ་ཚོས་བཅའ་ཁྲིམས་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་རང་ཉིད་ལ་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས། སྒྲིག་བཀུར་ཁྲིམས་སྲུང་གི་ལོ་ཆུང་ཡག་པོ་ཞིག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
ལྷོ་རོང་རྫོང་མི་དམངས་ཁྲིམས་ཁང་གིས་གོམ་སྟབས་རྗེས་མར་སློབ་གྲྭའི་ཁྲིམས་སྐྱོང་སློབ་གསོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། བྱ་ཐབས་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི“སློབ་གྲྭའི་ཁྲིམས་སྐྱོང་དྲིལ་བསྒྲགས”བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱ་རྒྱུ་རེད།