ཁ་བསླུས་ལ་འགོག་རྒོལ་བརྗོད་བྱར་བྱས་པའི་བོད་ཀྱི་སྤྱི་ཕན་གློག་བརྙན་ཐུང་གྲས་ཐོག་མ《མི་དམངས་ཀྱི་འགོག་རགས》ཞེས་པ་བསྟན་པ།
འདི་ནི་ཞིང་འབྲོག་མང་ཚོགས་ཀྱིས་གློག་བརྙན་ལྟ་བཞིན་པ།
ཉེ་དུས་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་གཏོང་སྤྲོད་མཇུག་རྩིས་ཁྲུའུ་ཡིས་ཇུས་འགོད་མཛུབ་ཁྲིད་དང་། མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཀྲུང་གོ་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་དང་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་དང་མཉམ་དུ་བཟོས་པའི་ཁ་བསླུས་ལ་འགོག་རྒོལ་བརྗོད་བྱར་བྱས་པའི་བོད་ཀྱི་སྤྱི་ཕན་གློག་བརྙན་ཐུང་གྲས་ཐོག་མ《མི་དམངས་ཀྱི་འགོག་རགས》ཞེས་པ་བསྟན་པ་དང་། དེའི་དམིགས་ཡུལ་ནི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་རྫུན་འགོག་ནུས་པ་དང་རྫུན་འགོག་ཆུ་ཚད་མཐོ་རུ་གཏོང་ཆེད་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གློག་བརྙན་དེས་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་ཁྲོད་དུ་བྱུང་བའི་དངོས་ཡོད་ཀྱི་གཏམ་རྒྱུད་མ་གཞིར་བྱས་ནས། གསར་རྩོམ་སྒྱུར་བཟོ་བྱས་ཏེ་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་གི་ཞིང་འབྲོག་མང་ཚོགས་ཚོས་གོ་བདེ་བའི་ལྷ་སའི་སྐད་ཀྱི་ཐོག་ནས། ཉིང་ཁྲིའི་གྲོང་གསེབ་ཀྱི་སྐྱེས་པ་དར་མ་ཞིག་གིས་བརྟག་དཔྱད་དབྱེ་འབྱེད་མ་བྱས་པར་ཁ་བསླུས་རྒྱག་མཁན་གྱི་ཁ་པར་ལ་ཡིད་ཆེས་བྱས་ནས་རྒྱུ་ནོར་གྱི་གྱོང་གུན་ཕོག་པ་དང་། སྤྱི་བདེ་དང་དངུལ་ཁང་ལས་དོན་མི་སྣའི་རོགས་རམ་འོག་ཁ་བསླུས་བརྒྱབ་པའི་དངུལ་རྣམས་ཚུར་རག་པའི་སྐོར་གྱི་གཏམ་རྒྱུད་བཤད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་ཁ་བསླུས་ལ་འགོག་རྒོལ་གྱི་འདུ་ཤེས་ཞན་པ་དང་། ཁ་བསླུས་ལ་འགོག་རྒོལ་གྱི་ལས་ཀའི་སྟོབས་ཤུགས་ཆུང་བ། ཞིང་འབྲོག་ཁུལ་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རིམ་གྱིས་ཁྱབ་པར་དམིགས་ནས། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གཏོང་སྤྲོད་མཇུག་རྩིས་ཁྲུའུ་ཡིས་གཏོང་སྤྲོད་དྲིལ་བསྒྲགས་དེ་བས་གཏིང་ཟབ་ཡོང་བ་དང་དམངས་འཚོར་དོ་ཁུར། དེ་བས་མང་ཚོགས་དང་ཉེ་བཅར་ཡོང་བ། གཙོ་བོ་ཞིང་འབྲོག་ཁུལ་ལ་ཕྱོགས་རྒྱུར་དོ་ཁུར་བྱས་ནས། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཡན་ལག་དངུལ་ཁང་ལ་ལས་ཀའི་སྟོབས་ཤུགས་སྐོང་འཐེན་དང་སྒྲིག་འཛུགས་བྱེད་པ་དང་། དྲིལ་བསྒྲགས་བྱེད་སྟངས་དང་ཐབས་ལམ་ཐད་མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བ་དང་། དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་བ། རྒྱ་ཁྱབ་གཏིང་ཟབ་པ། རྣམ་པ་མངོན་གསལ་དོད་པ་བཅས་ཀྱི་དྲིལ་བསྒྲགས་བྱེད་སྒོ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྤེལ་རྒྱུའི་བླང་བྱ་བཏོན་ཡོད།