ནག་ཆུ་གྲོང་ཁྱེར་གྱིས།
ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་སྒྲུབ་རོགས་སྐྱོབ་ལྟེ་གནས་བཙུགས་པ།
གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་ཆར། ནག་ཆུ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་དུ་ནག་ཆུ་གྲོང་ཁྱེར་གྱི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་སྒྲུབ་རོགས་སྐྱོབ་ལྟེ་གནས་དངོས་སུ་བཙུགས་ཤིང་། ནག་ཆུ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་། སྤྱི་བདེ་ཅུས། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གདན་ཞུས་ལྟར་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།
ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་སྒྲུབ་རོགས་སྐྱོབ་ལྟེ་གནས་ནི་ཞིབ་དཔྱོད་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཉེས་དོན་གྱོད་གཞི་སྒྲུབ་གཉེར་བྱེད་སའི་ཆེད་དོན་ས་ཚིགས་ཤིག་ཡིན་ཞིང་། ལྟེ་གནས་དེ་བཙུགས་པ་བརྒྱུད། ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འགལ་གྱི་གནོད་འཚེ་ཕོག་རྗེས་དུས་ཐོག་ཏུ་སྨན་བཅོས་རོགས་སྐྱོབ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ། ཁྲིམས་འཛིན་གྱི་རོགས་སྐྱོབ་བཅས་ཐོབ་རྒྱུར་ཕན་པ་ཡོད། གྱོད་སྒྲུབ་ལས་ཁུངས་ཀྱིས་ཀྱང་ན་སོ་དར་ལ་མ་བབས་པའི་གནོད་འཚེ་ཕོག་མཁན་སོགས་ལ་ཐེངས་གཅིག་རང་བཞིན་གྱི་བློ་འདྲི་ཞིབ་ཕྲ་དང་། དངོས་དཔང་འཐེན་ལེན། ཁེ་དབང་སྲུང་སྐྱོང་། སེམས་གསོ་སོགས་བྱས་པ་བརྒྱུད། ན་སོ་དར་ལ་མ་བབས་པའི་གནོད་འཚེ་ཕོག་མཁན་གྱི་སེམས་ཁམས་ལ“གནོད་འཚེ་ཐེངས་གཉིས་པ”མི་ཕོག་སྔོན་འགོག་ཐུབ་སྟེ་ན་སོ་དར་ལ་མ་བབས་པའི་གནོད་འཚེ་ཕོག་མཁན་ལ་སེམས་ཁམས་ཀྱི་གཅེས་སྐྱོང་དང་སྒེར་གྱི་གསང་བ་སྲུང་བའི“གཅིག་འཐུས་རྣམ་པའི”ཞབས་འདེགས་ཏན་ཏིག་ཞུ་ཐུབ་ཀྱི་ཡོད།