ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས།
ཡུལ་སྐོར་ཁྲོམ་རའི་ཚགས་ཤའི་ཐོན་རྫས་ལ་ཆེད་དོན་བཅོས་སྒྲིག་བྱས་པ།
ཡུལ་སྐོར་ཁྲོམ་རའི“མེད་པ་གསུམ”གྱི་ཚགས་ཤ་འཚོང་བའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས“བོད་ཀྱི་ཁྱད་ལྡན་ཐོན་རྫས”དང“ས་མཐོའི་ཚགས་ཤ་སྐམ་པོ”སོགས་ས་གནས་ཀྱི་ཁྱད་ལྡན་ཞིམ་ཟས་ཀྱི་བརྡ་ཡིག་སྦྱར་བའི་ཚགས་ཤ་སྐམ་པོའི་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་འདོམས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《ཚགས་ཤའི་ཟས་རིགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་དང་། དེ་བཞིན“ཡུལ་སྐོར་རྫོང་སྟོབས་ཆེན”བསྐྲུན་རྒྱུའི་སྐོར་གྱི་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་གཞིགས་ནས་ཡུལ་སྐོར་ཁྲོམ་རའི་ཚགས་ཤའི་ཐོན་རྫས་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།
ཁྲིམས་སྒྱུར་པས་རྒྱལ་ལམ་རྒྱུད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། རྫོང་གྲོང་། དེ་བཞིན་ཤང་དང་གྲོང་རྡལ་གྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་སུ་བསྐྱོད་དེ་ཚགས་ཤའི་ཟས་རིགས་འཚོང་མཁན་ཚང་མར་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། “མེད་པ་གསུམ”གྱི་ཚགས་ཤ་འཚོང་གི་ཡོད་མེད་དང་། ཚགས་ཤ་མིན་པའི་ཟས་རིགས་ལ་ཐུམ་སྒྲིལ་ཐེངས་གཉིས་བརྒྱབ་སྟེ་ཚགས་ཤ་ཡིན་ཁུལ་གྱིས་འཚོང་མིན། གླང་ཤ་སྐམ་པོ་དང་། ཕག་ཤ ཡཱ་ཙེའི་ཤ་བཅས་ཚགས་ཤ་སྐམ་པོ་ཡིན་ཁུལ་བྱས་ནས་བརྡ་ཁྱབ་རྫུན་མ་བཟོས་ཡོད་མེད། ཉོས་པའི་ཤའི་ཟས་རིགས་ཁུངས་འདེད་ཐུབ་མིན་དང་ཡོང་ཁུངས་གསལ་པོ་འཚོལ་ཐུབ་མིན་བཅས་ལ་ཞིབ་བཤེར་བྱས་པ་རེད།
ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རིང་། ཁྲིམས་སྒྱུར་པ་མི་ཐེངས་26བཏང་ནས་ཁྲོམ་རའི་བྱེད་པོ་62ལ་ཞིབ་བཤེར་བྱས་པ་རེད། སྒྲིག་ཁྲིམས་ལས་འགལ་ནས་བཟའ་བཅའི་ཐུམ་སྒྲིལ་སྤྱད་པའི་ཚོང་དུད་5དང་བཟའ་བཅའི་ཤོག་བྱང་ཚད་ལྡན་མེད་པའི་ཚོང་དུད་2ལ་འཕྲལ་མར་དག་ཐེར་བྱེད་དུ་བཅུག་པ་རེད།