དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཆབ་མདོ་གྲོང་ཁྱེར་གྱིས།

    “འཆལ་རྡུང་ལོག་སེལ”ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གྱི་ལས་དོན་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19

    ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《ལྟ་སྐུལ་མཛུབ་ཁྲིད་དང་། ཞིབ་བཤེར། དཔྱད་ཞིབ་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》དང《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ལག་བསྟར་ནན་པོ་བྱས་ནས་ལས་ཀའི་གྲུབ་འབྲས་དངོས་དང་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་ལ་སྔར་བས་སྣང་ཆེན་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ་དང་། རྫོང(ཆུས)ཁག་གིས་དུས་ཐོག་ཏུ“འཆལ་རྡུང་ལོག་སེལ”གྱི་ལས་ཀའི་ཁྲོད་ལྷག་པའི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ཤེས་རྟོགས་དང་ཐག་གཅོད་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་ཆེད། ཟླ་8ཚེས་25ཉིན་ནས་ཟླ་9ཚེས་4ཉིན་བར་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་དོན་ཨུ་ལྷན་གྱི་ཚན་ཁག་གི་ཁོངས་མིས་རུ་སྣེ་ཁྲིད་དེ་ལས་དོན་ཚོགས་ཆུང་3ལ་ཕྱེ་ནས་སྔ་རྗེས་སུ་རྫོང(ཆུས)11ཏུ་བསྐྱོད་དེ་གཞི་རིམ་དུ“འཆལ་རྡུང་ལོག་སེལ”གྱི་ལས་དོན་སྤེལ་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་བ། ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་མ་བྱས་གོང་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུས་པུའུ་དོན་ཚོགས་འདུ་ཐེངས་13པ་འཚོགས་ནས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གྱི་འབྲེལ་ཡོད་དོན་དག་ལ་ཆེད་མངགས་ཞིབ་འཇུག་བྱས་པ་དང་འབྲེལ“འཆལ་རྡུང་ལོག་སེལ”ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གྱི་ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱས་ནས། 2023ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི“འཆལ་རྡུང་ལོག་སེལ”ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པའི་ལས་དོན་གྱི་འཆར་འགོད་དང་བཀོད་སྒྲིག་གནད་ལ་འཁེལ་བར་འགན་ལེན་བྱས་པ་རེད།

    གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཀའི་གྲུབ་འབྲས་དངོས་ལ་མཐོང་ཆེན་བྱས་པ། “འཆལ་རྡུང་ལོག་སེལ”ལས་དོན་གྱི་གཙོ་གནད་དང་དཀའ་གནད་གཞི་རིམ་དུ་གནས་ཡོད། ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་དམིགས་སའི་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་པ་དང་སྦྲགས་དག་ཐེར་གྱི་ལས་འགན་ཞིབ་ཕྲ་དང་དུས་བཀག་ཁ་གསལ་བཟོས་ནས“འཆལ་རྡུང་ལོག་སེལ”གཞི་རིམ་དུ་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    “ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས་བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ལ་ཞིབ་བཤེར་བྱས་པ། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་ཁག་གིས《ཆབ་མདོ་གྲོང་ཁྱེར་གྱི་2022ལོའི“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་གྱི་བརྡ་ཁྱབ་ཀྱི་ཞིབ་ཕྲའི་གསལ་ཐོའི》ནང་དོན་ལ་ཞིབ་བསྡུར་ནན་ཏན་བྱས་ནས། ན་ནིང་ཤེས་རྟོགས་བྱུང་བའི་གནད་དོན་ཐོན་སར་སླར་ཡང་བསྐྱོད་དེ་བཅོས་སྒྲིག་བྱས་པའི་གནས་ཚུལ་ལ་རིམ་པ་བཞིན་གྲལ་བཤེར་བྱས་པ་དང་། བཅོས་སྒྲིག་མཐར་ཕྱིན་མ་བྱུང་བར་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱས་པ། ཐབས་ཇུས་དང་བྱ་ཐབས་ལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་སྤེལ་རིང་། བསྡོམས་མི་ཐེངས་48བཏང་བ་དང་། ཆེད་དོན་ཁྲིམས་སྒྱུར་ཞིབ་བཤེར་ཐེངས་25བྱས་པ། ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་སྣ་ཚོགས་20གཞུང་བཞེས་བཏང་བ། གནད་དོན་ཐོན་ས་15ཤེས་རྟོགས་ཐུབ་པ། ས་གནས་ས་ཐོག་ཏུ་གནད་དོན་ཁག་12ལ་དག་ཐེར། གནད་དོན་ཁག་3དུས་བཀག་ལྟར་དག་ཐེར་བཅས་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི“འཆལ་རྡུང་ལོག་སེལ”ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཏན་ཏིག་བཏང་བ། སྤྱི་ཚོགས་དང་རིག་གནས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ། གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་གཡུལ་ས་བརྟན་དུ་བཏང་བ་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།