གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས།
བོད་ཀྱི་ས་ཁོངས་ནས་བཙོག་དངུལ་གཙང་སྒྱུར་བྱེད་མཁན་གྱི་ནག་ཚང་ཞིག་མེད་པར་བཟོས་པ།
ཉེ་དུས། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་བོད་ཀྱི་ས་ཁོངས་ནས་བཙོག་དངུལ་གཙང་སྒྱུར་བྱེད་མཁན་གྱི་ནག་ཚང་ཞིག་མེད་པར་བཟོས་ནས། ཉེས་གསོག་དོགས་ཅན་4བཟུང་བ་དང་། གྱོད་འབྲེལ་གློག་ཀླད་2དང་། ཁ་པར་6 འཕྲིན་གཏོང་གཱ་6 དངུལ་ཁང་གཱ་7 ཐེལ་ཙེ་2 སྒེར་གྱི་ཐེལ་ཙེ་1 Uཕུབ་དང་Kའབོ་ཁག་3 བཙོག་དངུལ་སྒོར་8140 བཀྲག་རྩི་ལྕགས་ཀྲེན་4 སྦྱར་རྩི་3 གཱ་བསྡུ་ལེན་གྱི་བསྒྲགས་ཡིག་40བཅས་བཙན་ཉར་བྱས་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་8ཚེས་31ཉིན། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ལྷུན་ཆེ་གེ་མོ་སོགས་ཀྱིས་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྤྱོད་སྤེལ་རོགས་བྱས་པའི་དོགས་ཡོད་གྱོད་གཞི་སྒྲུབ་གཉེར་བྱེད་སྐབས། ཐན་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་མི་4ཡིས་2023ལོའི་ཟླ་7པ་ནས་བཟུང་། བོད་དུ་གཱ་བསྡུ་ལེན་དང་བརྒྱུད་འཚོང་སོགས་ཀྱི་བྱེད་སྟངས་སྤྱད་དེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་མ་དངུལ་སྒྱུར་རོགས་བྱས་པ་ཤེས་རྟོགས་བྱུང་བ་རེད། ཞིབ་བཤེར་བྱས་པ་བརྒྱུད། ནག་ཚོགས་དེས་མ་དངུལ་སྒྱུར་རོགས་བྱས་པ་དག་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཞབས་ཞུ་རྫུན་མའི་རིགས་ཀྱི་གློག་འཕྲིན་ཁ་བསླུས་གྱོད་གཞི་26དང་འབྲེལ་བ་ཡོད་ཅིང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི་940ལྷག་ཙམ་ཟིན་ཡོད་པ་རེད།
ཁུངས་སྣེ་དེར་དམིགས་ནས། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ཏེ། ཁུངས་སྣེ་བཙལ་འཚོལ་དང་ཞིབ་བཤེར་གྱི་ལས་དོན་སྤེལ་བ་རེད། ཉེས་གསོག་དོགས་ཅན་ཁྲིམས་རྒྱ་ལས་མི་ཐར་བ་བྱ་ཆེད། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་ཕྱོགས་གཅིག་ནས་ཧྥུའུ་ཅན་ཀྲང་ཀྲོའུ་གྲོང་ཁྱེར་ནན་ཅིང་རྫོང་གི་ཉེན་རྟོག་པ་དང་འབྲེལ་བ་ཧུར་ཐག་བྱས་ནས། ཟླ་9ཚེས་1ཉིན། ནག་ཚང་དེའི་འགོ་པ་ཁྲེན་ཆེ་གེ་མོ་
བཟུང་བ་དང་། ཕྱོགས་གཞན་ཞིག་ནས་འཕྲལ་དུ་མི་དམངས་ཉེན་རྟོག་པ་ལྷ་སར་མངགས་ཏེ་ཉེས་གསོག་དོགས་ཅན་གཞན་3བཟུང་བའི་ལས་དོན་སྤེལ་ཞིང་། ཟླ་9ཚེས་2ཉིན་གྱི་ཐོ་རེངས་སུ། ཐལ་སྤུངས་སྒང་ཉེས་དོན་གྱོད་སྒྲུབ་རུ་ཁག་ཏུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དང་པོའི་གཞོགས་འདེགས་འོག་ཉེས་གསོག་དོགས་ཅན་གསུམ་པོ་འཛིན་བཟུང་བྱས་པ་རེད།
འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་པས་ལྷ་ས་དང་གཞིས་རྩེ་སོགས་སུ་བསྒྲགས་ཡིག་སྤྲད་ནས། མི་གཞན་ཁ་བསླུས་རྩ་འཛུགས་ལ་བཙོག་དངུལ“གཙང་སྒྱུར”གྱི་ཞབས་ཞུ་སྒྲུབ་ཏུ་བཅུག་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད། མིག་སྔར། ཉེས་གསོག་དོགས་ཅན་4གཞིས་རྩེར་འཁྲིད་ནས་ཁྲིམས་ལྟར་ཉེས་དོན་བཀག་ཉར་ཡང་བྱས་པ་དང་། གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།