དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁོར་ཡུག་སྲུང་སྐྱོང་ཆེད་ང་ཚོས་འབད་འཐབ་བྱེད།

    —— སྨན་གླིང་ནགས་ཚལ་མེ་ཟོན་རུ་འབྲིང་གིས“ལི་ཝང”དང་བླངས་རུ་ཁག་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-19



    སྨན་གླིང་ནགས་ཚལ་མེ་ཟོན་རུ་འབྲིང་གི་གད་སྙིགས་སྒྲུག་མཁན“ལི་ཝང”དང་བླངས་རུ་ཁག་གི་རུ་མིས་རྩྭ་སྟུག་པོའི་ཁྲོད་ཀྱི་གད་སྙིགས་གཙང་སེལ་བྱེད་བཞིན་པ།

    སྨན་གླིང་ནགས་ཚལ་མེ་ཟོན་རུ་འབྲིང་གི་གད་སྙིགས་སྒྲུག་མཁན“ལི་ཝང”དང་བླངས་རུ་ཁག་གི་རུ་མིས་དྲན་རྟེན་པར་རྒྱག་པ།

    ཉེ་དུས་སྨན་གླིང་ནགས་ཚལ་མེ་ཟོན་རུ་འབྲིང་གི་མེ་ཟོན་པས་གནས་ཡུལ་རོང་དུ་ལས་དོན་སྒྲུབ་སྐབས་བཏུང་བྱའི་འགྱིག་དམ་དང་འགྱིག་ཤོག་སོགས་འཚོ་བའི་གད་སྙིགས་གང་སར་མཐོང་རྒྱུ་ཡོད་པ་རེད།

    གནས་ཡུལ་རོང་མཛེས་ལྗོངས་ཁུལ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་ལྷོ་རྒྱུད་ཀྱི་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ས་ཁོངས་སུ་གནས་པ་དང་། དེར“བོད་ཡུལ་གྱི་སྨན་རྒྱལ་རོང”ཞེས་བརྗོད་སྲོལ་ཡོད་པ་མ་ཟད་སྔོ་ལྗང་མཛེས་ལྗོངས་ཁུལ་ཞེས་ཀྱང་བརྗོད་སྲོལ་ཡོད། དེ་ནི་ལྷོ་པ་རིགས་ཀྱི་དམངས་སྲོལ་ཡུལ་སྐོར་ས་ཚིགས་ཡིན་ལ་སྐྱེ་ཁམས་ཡུལ་སྐོར་ཁུལ་ཡང་ཡིན་པས་མཛེས་ལྗོངས་ཁུལ་ལ་སྤྲོ་གསེང་བྱེད་མཁན་ཧ་ཅང་མང་པོ་ཡོད། རིམས་ནད་རྗེས་ལ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བའི་དུས་ཚིགས་སླེབས་པས་ཡུལ་སྐོར་བ་མང་དུ་ཕྱིན་ནས་འཚོ་བའི་གད་སྙིགས་ཀྱང་མང་དུ་ཕྱིན་ཀྱང་། མི་མང་པོ་ཞིག་ལ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་ཙམ་ཆེན་པོ་མེད་པ་རེད།

    2023ལོའི་ཟླ་7ཚེས་20ཉིན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་འཚོགས་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། སྨན་གླིང་ནགས་ཚལ་མེ་ཟོན་རུ་འབྲིང་གི་མེ་ཟོན་པས་གད་སྙིགས་སྒྲུག་མཁན་དང་བླངས་པ་གང་མགྱོགས་འཛུགས་རྒྱུའི་སེམས་ཐག་བཅད་ཡོད།

    སྨན་གླིང་ནགས་ཚལ་མེ་ཟོན་རུ་འབྲིང་གི་གད་སྙིགས་སྒྲུག་མཁན“ལི་ཝང”གི་དང་བླངས་རུ་ཁག་བཙུགས་ཤིང་། རུ་འབྲིང་གི“ལི་ཝང”གི་དང་བླངས་པས་གནས་ཡུལ་རོང་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་གད་སྙིགས་སྒྲུག་གི་ཡོད།

    གོམ་སྟབས་རྗེས་མར“ལི་ཝང་”གི་དང་བླངས་རུ་ཁག་གིས་གད་སྙིགས་སྒྲུག་སའི་ཁྱབ་ཁོངས་དེ་བས་རྒྱ་ཆེ་རུ་གཏོང་བ་དང་། མཛེས་ལྗོངས་ཁུལ་དུ་ལས་དོན་སྒྲུབ་སྐབས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱས་ནས་མི་དེ་བས་མང་བས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བཙུགས་ཏེ་བོད་ཀྱི“ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཙང”བཅས་ལ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།