དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་སྲུང་རྒྱུ་དེ་མཚོ་བོད་ས་མཐོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཅས་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས“ཞིབ་དཔྱོད་ཆེ་གྲས་བཞི”མཉམ་འདྲེས་ཀྱིས་འགན་འཁྲི་བསྒྲུབས་ནས། ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་གནད་སྨིན་དང་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པར་དམིགས་ཏེ་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་བཟང་པོ་གཏོད་པར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་བའི་གནས་ཚུལ་སོགས་ངོ་སྤྲོད་བྱས་པ་རེད།

    དབྱེ་འབྱེད་ཁ་གསལ།

    ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བ།

    བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཁོངས་མི་ཅན་ཁྲ་ཀྲང་གཞོན་པ་སྐལ་བཟང་དབང་མོས་ཡོངས་བསྒྲགས་ཚོགས་འདུའི་ཐོག 2021ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ས་ཁོངས་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཧུར་ཐག་བྱེད་པ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ཧུར་ཐག་བྱེད་པ། རང་བྱུང་ཐོན་ཁུངས་དང་རྨོ་ཞིང་ལ་སྲུང་སྐྱོང་ཧུར་ཐག་བྱེད་པ། སྡེ་ཚན་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ཤུགས་ཆགས་པར་བྱེད་པ། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་དྲུག་ནས། རིགས་ཁ་གསལ་ཕྱེ་སྟེ་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང”དང་། ཐལ་རྡུལ་སྦགས་བཙོག་འགོག་བཅོས་ཀྱི་སྤྱི་ཕན་གཏུག་བཤེར། བེད་མེད་ཞིང་སྤྱོད་འགྱིག་ཤོག་གི་སྦགས་བཙོག་བཅོས་སྒྲིག་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། “ས་ཞིང་ཁྲིམས་སྒྱུར་ཞིབ་བཤེར་ཐག་གཅོད་ཁྱབ་ཁོངས་ཀྱི་སྲིད་འཛིན་གཏུག་བཤེར་མིན་པའི་ལག་བསྟར་ལྟ་སྐུལ”གྱི་ཆེད་དོན་བྱེད་སྒོ་སྤེལ་ཏེ་སྲིད་འཛིན་ལས་ཁུངས་ཀྱི་ཁོར་ཡུག་ལྟ་འདོམས་དང་སྲིད་འཛིན་ཆད་གཅོད་ཀྱི་འགན་སྒྲུབ་གནད་ལ་མི་འཁེལ་བར་བཅའ་ཁྲིམས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་པ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས་གནོད་འཚེ་གཏོང་མཁན་དེ“གཏོར་བཤིག་གཏོང་མཁན”ནས“ལྟ་སྲུང་བར”འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་འཛིན་དང་ཁྲིམས་ལུགས་ཁྱབ་གདལ་ཟུང་དུ་སྦྲེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྱོད་གཞིར་གཞིགས་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    ཁྱད་ཆོས་དམིགས་བསལ།

    གྱོད་གཞི་མང་ཆེ་བ་གཏེར་ཁའི་ཐོན་ཁུངས་སོགས་སུ་ཡོད་པ།

    ཉེ་བའི་ལོ་ཤས་རིང་། ས་ཁམས་ཀྱི་གནས་བབ་དང་རང་བྱུང་ཁོར་ཡུག་སོགས་ཕྱི་རྐྱེན་གྱིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞིར་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་དང་པོའི་ཀྲུའུ་རེན་རིམ་གསུམ་མཐོ་རིམ་ཞིབ་དཔྱོད་དཔོན་ཝང་ཞུས་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2021ལོ་ནས་བཟུང་། གྱོད་གཞི་མང་ཆེ་བ་གཏེར་ཁའི་ཐོན་ཁུངས་དང་ཞིང་ལས་འདེབས་འཛུགས་སོགས་ཁྱབ་ཁོངས་སུ་ཡོད་པ་དང་། གྱོད་གཞི་27བདག་སྤྲོད་བྱས་པ་དེས་གྱོད་གཞི་ཧྲིལ་པོའི་16.67%བཟུང་ཡོད་པ་རེད།

    2021ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་གྱོད་གཞི་53བདག་སྤྲོད་ཞིབ་བཤེར་བྱས་ནས་མི་114བཟུང་བ་དང་གྱོད་གཞི་32ཀྱི་མི་73ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་ཐོབ་པ་དང་། རིམ་རྩིས་བྱས་ན་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་གྱོད་གཞི་119ལ་བདག་སྤྲོད་ཞིབ་བཤེར་བྱས་ནས་མི་289ལ་ཞུ་གཏུག་བརྒྱབ་པ་དང་། གྱོད་གཞི་85ཡི་མི་194ཁྲིམས་ལྟར་གཞུང་གཏུག་བརྒྱབ་པ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་27དང་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་གྱོད་གཞི་50ཡོད་པའི་ནང་། སྲིད་འཛིན་ཁྲིམས་གཅོད་ལྟ་སྐུལ་གྱོད་གཞི་28དང་གཏུག་བཤེར་མིན་པའི་ལག་བསྟར་གྱོད་གཞི་22ཡོད། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁྱོན་2283སྒྲུབ་གཉེར་བྱས་པའི་ནང་། སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི་2214དང་། དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་69 ཞིབ་དཔྱོད་ཀྱི་གྲོས་འགོ་བཏོན་པ་དང་སྤྱི་བསྒྲགས་སྤེལ་བའི་གྱོད་གཞི་857 གཏུག་བཤེར་བྱས་པའི་གྱོད་གཞི་41བཅས་ཡོད།

    གཡས་གཞོགས་གཡོན་འདེགས།

    ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་ཤུགས་ཤིག་སྔར་བས་ཆགས་པ།

    སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་ཁྲིམས་འགལ་ཉེས་གསོག་ལ་ཞིབ་དཔྱོད་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། སྐྱེ་ཁམས་ཁོར་ཡུག་སྡེ་ཚན་བཅས་ཀྱིས་གཞོགས་འདེགས་དམ་ཟབ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་ཀྱི་ཡོད། དེས་ན་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་གཉིས་འབྲེལ་མཐུད་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འབྲེལ་ཡོད་ལམ་ལུཌ་ལམ་སྲོལ་ཟམ་མི་ཆད་པར་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།

    སྐལ་བཟང་དབང་མོས། གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་སྡེ་ཚན་དང་མཉམ་དུ། ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་གནད་སྨིན་བཏང་ནས། ཁུངས་སྣེ་མཐིལ་རྟོགས་དང་གྲལ་བཤེར་གཏིང་ཟབ་དང་། གྱོད་གཞི་རྩད་གཅོད་འགག་སྒྲོལ་ལ་ཤུགས་སྣོན། འབྱུང་རྩ་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁོར་ཡུག་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཉེས་གསོག་གི་ཁེ་ཕན་འབྲེལ་ཐག་མཐའ་གཅིག་ཏུ་གཅོད་ཀྱི་ཡིན། མཉམ་འགུལ་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་དང་། སྲིད་འཛིན་དང་ཉེས་དོན་སྦྲེལ་མཐུད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་གྱི་ལེགས་ཆ་གསབ་རེས་གང་ལེགས་འདོན་པ་བཅས་བྱས་ནས་སྡེ་ཚན་མཉམ་འགུལ་དང་ས་ཁུལ་མཉམ་འགུལ་གྱི་ཁྲིམས་སྒྱུར་གྱོད་སྒྲུབ་ལས་དོན་ཡག་པོ་སྒྲུབ་པ་དང་ལྷག་པར་དུ་མྱུལ་ཞིབ་ལྟ་སྐུལ་དང་གཞུང་ལས་ཁང་ལ་གཞོགས་འདེགས་བྱེད་པའི་འགན་ནུས་འདོན་པར་སྣང་ཆེན་བྱེད་ཀྱི་ཡིན། དམངས་ཡོངས་ལྟ་སྐུལ་ལ་ཞུགས་པར་སྐུལ་སློང་དང་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་གྲོང་མིའི་ཧུར་སེམས་ཆེ་རུ་བཏང་སྟེ། ཁོར་ཡུག་སྦགས་བཙོག་གི་ཉེས་གསོག་ལ་རྡུང་རྡེག་གཏོང་བར་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།