ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས།
གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ།
ཉེ་དུས་གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི་200ལྷག་ཙམ་ཟིན་ཞིང་། སྒོར་ཁྲི་100ལྷག་ཙམ་གྱི་གྱོང་གུན་མི་ཕོག་པ་བྱས་ཡོད།
ཟླ་6པར་གནོད་འཚེ་ཕོག་མཁན་ཧོའུ་ཆེ་གེ་མོ་ལས་རོགས་ལེའུ་ཆེ་གེ་མོས“ཤིང་པཱ་ཁེ་གཟིགས་སྐྱོང་སྤ་སེ9”ཡི་སྐད་འཕྲིན་ཚོགས་པ་ཤིག་ནང་བཅུག དེ་རྗེས་ཚོགས་བདག་གིས་སྐད་འཕྲིན་ཚོགས་པའི་ནང་གི་ཚོགས་མིར་ཤོག་ཆག་བསྐུར་བ་དང་། ཚོགས་པའི་ནང“འབྱུང་འགྱུར་བརྡ་ཁྱབ་2”ཞེས་པའི་སྐད་འཕྲིན་ཚོགས་པའི་རྩ་གཉིས་ཨང་རྟགས་བསྐུར་ནས། ཚོགས་མི་རྣམས་སྐད་འཕྲིན་ཚོགས་པ་དེའི་ནང་ཞུགས་སུ་བཅུག་པ་མ་ཟད། ཚོགས་བདག་གིས་ད་དུང་ཚོགས་པ་དེའི་ནང་བྲིན་རྫུ་ཁེ་སློག་གི་མཉེན་ཆས་ཕབ་ལེན་གྱི་སྦྲེལ་མཐུད་ཅིག་ཀྱང་བསྐུར།
གནོད་འཚེ་ཕོག་མཁན་ཧོའུ་ཆེ་གེ་མོས་ལག་ཐོགས་ཁ་པར་ནང་དུ“འབྱུང་འགྱུར་ཁྱབ་སྤེལ”གྱི་མཉེན་ཆས་ཕབ་ལེན་བྱས་པ་དང་འབྲེལ་ཐོ་འགོད་ཀྱང་བྱས་པ་དང་། དེ་རྗེས་ཕ་རོལ་པོས་མཉེན་ཆས་དེ་བརྒྱུད་ཧོའུ་ཆེ་གེ་མོ་དང་འབྲེལ་བ་བྱས་ནས་ཉིན་ལྟར་ཁོང་ལ་བྲིན་རྫུའི་ལས་འགན་སྤྲོད་ཀྱི་ཡོད། ཧོའུ་ཆེ་གེ་མོས་ཕ་རོལ་པོས་བཏོན་པའི་རེ་བ་གཞིར་བཟུང་དམིགས་འཛུགས་དྲ་ཚིགས་སུ་དངུལ་སྤྲད་ནས་ཚོང་ཟོག་ཉོས་ཏེ་སྐར་མ་གསོག་གི་ཡོད། ཧོའུ་ཆེ་གེ་མོས་ཕ་རོལ་པོས་བཏོན་པའི་རེ་བ་གཞིར་བཟུང་བྲིན་རྫུ་ཐེངས་མང་བྱས་ནས་དངུལ་སྤྲད་པ་དང་། ཕ་རོལ་པོས“དངུལ་ཁང་གཱ་འབྲི་ནོར་ཤོར་བ་དང་རྩིས་ཨང་ཁ་འབྱེད་མི་ཐུབ་པས་ར་སྤྲོད་ཨང་རྟགས་བླུགས་དགོས་པ་དང་བྲིན་རྫུའི་དངུལ་གྲངས་ནོར་བ”སོགས་ལ་ཁ་གཡར་ཏེ། ཧོའུ་ཆེ་གེ་མོར་དམིགས་འཛུགས་རྩིས་ཨང་ནང་དངུལ་བསྒྱུར་དུ་བཅུག་པ་དང་། གསང་བའི་ཨང་རྟགས་དང་ར་སྤྲོད་ཨང་རྟགས་མ་ནོར་ཚེ་གཞི་ནས་དངུལ་སྨར་ལེན་ཐུབ་ཚུལ་བཤད་པས། ཧོའུ་ཆེ་གེ་མོས་སྔ་རྗེས་སུ་ཕ་རོལ་པོའི་དམིགས་འཛུགས་རྩིས་ཨང་ནང་དངུལ་ཐེངས་15བསྒྱུར་པར་ཁྱོན་སྒོར་ཁྲི་217.64ལྷག་ཙམ་ཟིན་ཡོད། ཧོའུ་ཆེ་གེ་མོས་རང་ཉིད་མགོ་སྐོར་འོག་ཚུད་པར་ཤེས་འཕྲལ་རྫ་ཡུལ་རྫོང་སྤྱི་བདེ་ཅུས་ལ་གྱོད་དོན་སྙན་སེང་ཞུས་པ་རེད།
གྱོད་དོན་སྙན་སེང་འབྱོར་རྗེས། ཐིང་དང་གྲོང་ཁྱེར་རིམ་གཉིས་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོས་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་མཆན་བཀོད་ཀྱི་བླང་བྱ་བཏོན་པ་དང་། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་ཆེད་དོན་གྱོད་སྒྲུབ་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། “6·15ཆེད་དོན་གྱོད་སྒྲུབ་ཚོགས་ཆུང”བཙུགས་ནས། གྱོད་དོན་ཐོ་འགོད་བྱེད་པ་དང་། འདྲི་རྩད་བྱེད་པ། དངུལ་གཏོང་མཚམས་འཇོག་པ། རྒྱུ་ནོར་བཀག་འཇོག་བྱེད་པ། ཞིབ་གཅོད་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་རེད།
ཆེད་དོན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་ལམ་ཐག་སྤྱི་ལེ་ཁྲི་30ལྷག་ཙམ་ཟིན་པའི་ཞིང་ཆེན་15དང་། གྲོང་ཁྱེར་38 རྫོང་22བཅས་སུ་བསྐྱོད་དེ་དཔང་རྟགས་ལེན་པ་དང་། ཉེས་གསོག་དོགས་ཅན་བཟུང་བ། གྱོང་གུན་ཕོག་པའི་དངུལ་བདའ་འདེད་གཏོང་བ་སོགས་ཀྱི་ལས་དོན་སྤེལ་བ་དང་། གྱོད་སྒྲུབ་ཚོགས་ཆུང་གིས་མྱུལ་ཞིབ་ཞིབ་ཚགས་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གྱོད་འབྲེལ་དངུལ་ཁང་གཱ་65ཡི་རྒྱུ་ནོར་བཀག་འཇོག་བྱས་པ་དང་ཉིན་36རིང་ཉེས་གསོག་དོགས་ཅན་21བཟུང་སྟེ་གྱོང་གུན་དངུལ་སྒོར་ཁྲི་103.59མི་ཕོག་པར་བྱས་ཡོད། ཉེས་གསོག་དོགས་ཅན་བཟུང་རྗེས་གྱོད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་21གིས་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་ངོས་ལེན་ཞུས་པ་མ་ཟད། ཉེས་གསོག་བརྒྱུད་རིམ་ཡང་གསལ་པོར་ཞུས་པ་རེད།
ཟླ་8ཚེས་17ཉིན། རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱིས“6·15དམིགས་བསལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཆེ་གྲས”ཀྱིས་མགོ་སྐོར་བཏང་བའི་མ་དངུལ་ཕྱིར་སློག་མཛད་སྒོ་འཚོགས་ནས། ཚུར་བླངས་པའི་མ་དངུལ་རྣམས་གནོད་འཚེ་ཕོག་མཁན་ལ་སྤྲད་པ་རེད། གནོད་འཚེ་ཕོག་མཁན་མི་སྒེར་དང་དེ་བཞིན་ཚན་པས་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་གསོག་ལ་རྡུང་རྡེག་བཏང་ནས་གྱོད་གཞི་རྩད་གཅོད་དང་གྱོང་གུན་ཚུར་བླངས་པའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་གོས་དར་ཡང་སྤྲད་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
མིག་སྔར་གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།