དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་སའི་སྤྱི་བདེས་རྐང་འཁོར་རྐུ་བའི་མུ་འབྲེལ་གྱོད་གཞི་20རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཉེ་ཆར། ཀུན་བདེ་གླིང་མངགས་གཏོང་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཉེས་དོན་གྱོད་སྒྲུབ་སྟོབས་ཤུགས་ཀྱིས་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་རྐུ་བའི་མུ་འབྲེལ་གྱོད་གཞི་ཁག་20རྩད་ཆོད་ནས་ཉེས་གསོག་དོགས་ཅན་1བཟུང་བ་རེད།

    ཟླ་8ཚེས་10ཉིན། ཀུན་བདེ་གླིང་མངགས་གཏོང་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཉེས་དོན་གྱོད་སྒྲུབ་སྟོབས་ཤུགས་ལ། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་དང་པོའི་སྒོ་འགྲམ་དུ་བཞག་པའི་ངའི་རྐང་འཁོར(སྒོར་9999རི་བའི“མེ་ཆི”རྟགས་ཅན་གྱི་རྐང་འཁོར་སྨུག་པོ)གར་སོང་ཆ་མེད་དུ་འགྱུར་འདུག་ཅེས་པའི་སྐུ་ཞབས་ཕིང་ལགས་ཀྱི་ཉེས་དོན་སྙན་སེང་ཞིག་འབྱོར།

    ཉེན་བརྡ་འབྱོར་རྗེས། ཉེས་དོན་གྱོད་སྒྲུབ་སྟོབས་ཤུགས་ཀྱི་མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་རྩད་ཞིབ་དང་། འདྲི་རྩད། གྲལ་བཤེར། དེ་བཞིན་ཉེ་འཁོར་གྱི་གློག་མིག་ལ་བལྟ་བ་བཅས་བརྒྱུད། ཉེས་གསོག་དོགས་ཅན་ལུའོ་ཆེ་གེ་མོ་གཏན་འཁེལ་བྱས་པ་མ་ཟད། ཟླ་8ཚེས་16ཉིན་ལྷ་ས་གྲོང་ཁྱེར་གྱི་ཟ་ཁང་ཞིག་ནས་ཉེས་གསོག་དོགས་ཅན་དེ་བཟུང་བ་རེད།

    མངགས་གཏོང་ཁང་དུ་ཉེས་གསོག་དོགས་ཅན་ལུའོ་ཆེ་གེ་མོས་དེ་ཉིན་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་དང་པོའི་སྒོ་འགྲམ་ནས་མི་མེད་པའི་སྐབས་དང་བསྟུན་ཏེ་རྐང་འཁོར་ཞིག་གི་སྒོ་ལྕགས་བཅག་ནས་བརྐུས་པའི་ཁྲིམས་འགལ་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས།

    མི་དམངས་ཉེན་རྟོག་པས་བརྟག་དཔྱད་གཏིང་ཟབ་བྱས་པ་བརྒྱུད། འདི་ལོའི་ཟླ་5པ་ནས་བཟུང་ཉེས་གསོག་དོགས་ཅན་ལུའོ་ཆེ་གེ་མོས་འདམ་ར་ནུབ་ལམ་དང་། ཀརྨ་དགོན་གསར། ཀླུ་སྒུག་སྡེ་ཁུལ། གཡུ་ཐོག་ལམ་སོགས་སུ་སྒོ་ལྕགས་བཅག་ནས་ཚོང་རྟགས་སྣ་ཚོགས་ཀྱི་རྐང་འཁོར་བརྐུས་པའི་གྱོད་གཞི་20བཟོས་ཡོད་པ་རེད།

    ཉེན་རྟོག་ཕྱོགས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལུའོ་ཆེ་གེ་མོས་རྐང་འཁོར་བརྐུས་རྗེས་འཕྲལ་མར་གནས་གཞན་དུ་སྤོས་པ་མ་ཟད། རིན་གོང་དམའ་པོས་གཞན་ལ་བཙོངས་ཏེ་དེའི་ཁྲོད་ནས་བྱུང་བའི་བཙོག་དངུལ་དེ་དག་བག་མེད་ལོངས་སྤྱོད་བྱེད་ཀྱི་ཡོད།

    མིག་སྔར། ཉེས་དོན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་རྐང་འཁོར་10འདེད་ལེན་བྱས་པ་དང་། ཉེས་གསོག་དོགས་ཅན་ལུའོ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་འབྲེལ། གྱོད་གཞི་དེ་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།