དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྟེང་ཆེན་རྫོང་གི་ཉེན་རྟོག་པས་ཉེན་གྱར་མི་སྣ་ཛ་དྲག་ངང་འཚོལ་སྐྱོབ་ཆུ་ཚོད་8བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    འདི་ནི་སྟེང་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་འབྲེལ་བ་ཆད་པའི་མཱ་ཆེ་གེ་མོ་བཟའ་ཟླའི་སར་སྐྱེལ་བའི་གནས་ཚུལ་ཡིན་པ།

     ཟླ་8ཚེས་11ཉིན་གྱི་དགོང་མོའི་ཆུ་ཚོད་9དང་སྐར་མ་20ཙམ་ལ་སྟེང་ཆེན་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ལ་མང་ཚོགས་ཀྱི་ཉེན་བརྡའི་ཁ་པར་འདི་འདྲ་ཞིག་འབྱོར་བ་སྟེ། “ང་ཚོ་མི་བཞི་མཉམ་དུ་སྤུས་ཐང་མཚོ་རུ་སེར་ཤ་འཐུ་སྐབས་གྲོགས་པོ་མཱ་ཆེ་གེ་མོ་ང་ཚོ་དང་ཁ་ཐོར་དུ་སོང་བ་དང་། མཱ་ཆེ་གེ་མོའི་ཁ་པར་མོ་ཊའི་ནང་དུ་བཞག་པའི་དབང་གིས་འབྲེལ་བ་བྱེད་ཐབས་མི་འདུག མིག་སྔར་འབྲེལ་བ་ཆད་ནས་ཆུ་ཚོད་4ལྷག་ཙམ་ཕྱིན་སོང་། ཁྱེད་རྣམས་ཚོས་འཚོལ་སྐྱོབ་གནང་རོགས”ཞེས་བརྗོད།

    ཉེན་བརྡའི་ཁ་པར་འབྱོར་རྗེས་སྟེང་ཆེན་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཅུས་ཀྲང་ཟླ་བ་ཚེ་རིང་ངོ་མས་རུ་སྣེ་ཁྲིད་དེ་དམིགས་བསལ་ཉེན་རྟོག་རུ་ཆེན་དང་། སྟེང་ཆེན་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས(ལག་རོགས)ཉེན་རྟོག་པ་16དང་མཉམ་དུ་དོན་རྐྱེན་ཐོན་སར་བསྐྱོད། གནས་ཚུལ་ཐོན་སའི་སྟེང་ཆེན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཕུན་ཚོགས་དབང་རྒྱལ་གྱིས་ཤང་སྲིད་གཞུང་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་དང་མང་ཚོགས་སོགས་ཀྱི་སྟོབས་ཤུགས་སྐུལ་སློང་ཧུར་ཐག་བྱས་ནས་སྤྱི་བདེ་སྡེ་ཚན་ལ་མི་སྣ་འཚོལ་རོགས་བྱས། དེ་དང་ཆབས་ཅིག་སྐབས་དེར་ཆར་ཤུགས་ཆེ་བ་དང་མཚན་མོ་དྲོད་ཚད་དམའ་བ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ་མཱ་ཆེ་གེ་མོར་འཕྲད་སྲིད་པའི་ཉེན་ཁ་སྣ་ཚོགས་ལ་བསམ་ཚོད་གང་ལེགས་བྱས་ནས། རྫོང་མི་དམངས་སྨན་ཁང་དང་འབྲེལ་བ་ཧུར་ཐག་བྱས་ཏེ་མྱུར་སྐྱོབ་རླངས་འཁོར་དང་དེ་བཞིན་སྨན་བཅོས་ཚོགས་པ་དོན་རྐྱེན་ཐོན་སའི་ཁུལ་དུ་གཞོགས་འདེགས་ཀྱི་ལས་དོན་སྤེལ་བར་བཏང་།

    གནས་ཚུལ་ཐོན་སར་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ཁག་བགོས་ནས་འཕྲལ་དུ་འཚོལ་སྐྱོབ་ལས་དོན་སྤེལ་ཞིང་། མཚན་མོར་མཐོང་རྒྱ་ཆུང་ལ་ཆར་པ་འབབ་པའི་རྐྱེན་གྱིས་རླངས་འཁོར་འཚོལ་སྐྱོབ་ཁུལ་དུ་འགྲོ་ཐབས་བྲལ་བས་འཚོལ་སྐྱོབ་ལས་དོན་ལ་དཀའ་ངལ་ངེས་ཅན་འཕྲད། མཱ་ཆེ་གེ་མོར་འཚོལ་སྐྱོབ་ཀྱི་བརྡ་གཏོང་ཆེད། འཚོལ་སྐྱོབ་མི་དམངས་ཉེན་རྟོག་པས་འོད་ཤུགས་ཆེ་བའི་སྦི་ཅི་ལི་ལ་སོགས་ལ་བརྟེན་ནས་མཱ་ཆེ་གེ་མོས་དོ་ཁུར་ཡོང་ཐབས་བྱས། རྐང་ཐང་མར་ལེབ་བཤེར་རྣམ་པའི་འཚོལ་སྐྱོབ་ཆུ་ཚོད་8ལྷག་ཙམ་བྱས་པ་བརྒྱུད། མཐར་ཁང་པ་གོག་ཧྲུལ་ཞིག་ནས་མཱ་ཆེ་གེ་མོ་རྙེད།

    མཱ་ཆེ་གེ་མོའི་གཟུགས་གཞིའི་གནས་ཚུལ་ཡག་པོ་ཡོད་པ་ཤེས་རྗེས། མི་དམངས་ཉེན་རྟོག་པས་ཁོ་པ་གྲོགས་པོའི་སར་སྐྱེལ་བར་ཡོང་བ་དང་། ཁོ་པའི་བཟའ་ཟླས་ཁྱོ་ག་བདེ་ཐང་ཡིན་པ་ཤེས་འཕྲལ། ཁྱོ་ཤུག་གཉིས་པོ་འཐམ་ནས་ངུ་བཞིན་དུ“ཁྱོད་ཚོར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐུགས་བསུན་ཞུས་སོང”ཞེས་སེམས་འགུལ་ཚད་མེད་ཐེབས་བཞིན་འཚོལ་སྐྱོབ་རུ་མིར་བཤད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།