ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སྲིད་འཛིན་ཆོག་འཐུས་ལག་བསྟར་ཚད་གཞི་བཟོས་ནས་བཏོན་པ།
ཉེ་ཆར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆོག་འཐུས་དོན་ཚན་ལག་བསྟར་ཚད་གཞི》(གཤམ་དུ《ལག་བསྟར་ཚད་གཞི》ཞེས་བསྡུ་རྒྱུ)བཟོས་ནས་བཏོན་ཞིང་། ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆོག་འཐུས་དོན་ཚན་31ཐད། གཏན་འཁེལ་བྱས་པ་དང་ལག་བསྟར་ཆོག་འཐུས་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་གཞིར་བཟུང་། ཞིབ་བཤེར་མཆན་འགོད་ཀྱི་རིམ་པ་དང་ཞིབ་བཤེར་མཆན་འགོད་བྱ་ཡུལ་གྱི་རིགས་སྣ་དང་ཆེད་ལས་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཆོག་འཐུས་དོན་ཚན་གྱི་ཡན་ལག་དོན་ཚན་དང་ལས་སྒོ་གཉེར་སྒྲུབ་ཀྱི་དོན་ཚན་རེ་རེ་བཞིན་ཁ་གསལ་བཟོས་པའི་ནང་ཡན་ལག་རྣམ་གྲངས་100དང་ལས་སྒོ་གཉེར་སྒྲུབ་རྣམ་གྲངས་329ཁ་གསལ་བཟོས་ཡོད། ཆོག་འཐུས་དོན་ཚན་རེ་རེའི་ཡན་ལག་རྣམ་གྲངས་ཐད། རྣམ་གྲངས་རེ་རེ་བཞིན་ཚད་ལྡན་ཅན་གྱི་གཞི་རྩའི་རྒྱུ་རྐྱེན་14ལ་གཞིགས་ནས་གསེད་བཀྲོལ་བྱས་ཏེ། ཆོག་འཐུས་ཀྱི་གཞི་རྩའི་རྒྱུ་རྐྱེན་དང་། ཆོག་འཐུས་ཆ་རྐྱེན། ཆོག་འཐུས་ཞབས་ཞུ་བྱ་ཡུལ་གྱི་རིགས་སྣ་དང་སྒྱུར་བཅོས་བྱ་ཐབས། རེ་ཞུའི་དཔྱད་གཞིའི་ཡིག་རིགས། ཞིབ་མཆན་གོ་རིམ། བདག་སྤྲོད་དང་ཞིབ་མཆན་དུས་ཚད། ཆོག་འཐུས་ལག་ཁྱེར་སོགས་ཀྱི་ནང་དོན་ཞིབ་ཕྲ་དང་ཁ་གསལ་བཟོས་ཡོད།
《ལག་བསྟར་ཚད་གཞི》ཡི་ནང་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་སྲིད་འཛིན་ཆོག་འཐུས་དོན་ཚན་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་པ་དང་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ཆོག་འཐུས་དབང་ཚད་དང་འགན་འཁྲི་གསལ་པོ་བཟོས་ཏེ། ཁྲོམ་ར་ལྟ་འདོམས་ཀྱི་སྲིད་འཛིན་ཆོག་འཐུས་ལས་དོན་ལ་ཕྱོགས་ཡོངས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་དང་དཔྱད་གཞི་མཁོ་འདོན་བྱས་པ་དང་། རིགས་ཕྱེ་ནས་སྲིད་འཛིན་ལྟོས་ཟླའི་མི་སྣར་ཆོག་མཆན་སྤྲོད་པར་མཛུབ་ཁྲིད་ཁ་གསལ་བྱས་པ། ལས་དོན་སྒྲུབ་པར་ཡོང་མཁན་མང་ཚོགས་ཀྱིས་ཤེས་རྟོགས་དང་འདྲི་རྩད་བྱེད་པར་སྟབས་བདེ་བསྐྲུན་པ། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་སྲིད་འཛིན་ཆོག་འཐུས་ལས་དོན་ཚད་ལྡན་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་པ། ས་གནས་འགའ་ཞིག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཆོག་འཐུས་ཆ་རྐྱེན་དང་། རེ་ཞུའི་དཔྱད་གཞིའི་ཡིག་རིགས། མཚམས་སྦྱོར་ཞབས་ཞུ། ཞིབ་མཆན་ལྷུ་ཚིགས་སོགས་གང་བྱུང་དུ་སྣོན་པའི་ཚད་དང་མི་མཐུན་པའི་བྱེད་སྤྱོད་སྔོན་འགོག་ཐུབ་སྟེ། ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྲིད་འཛིན་ཆོག་འཐུས་ཞབས་ཞུའི་སྐར་ཁུང་གི་མི་སྣའི་ལས་རིགས་ཀུན་སྤྱོད་དང་སྒྲིག་ལམ་གཅུན་སྡོམ་ནན་དུ་གཏོང་ཆེད་ལམ་ལུགས་ཀྱི་རྨང་གཞི་བཏིང་ཡོད།