དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལོ་60ལྷག་ཙམ་རིང་གི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོར་གངས་རིས་དཔང་རྟགས་བྱེད་ཐུབ།

    —— “དམག་བཀུར་མི་སྣ་ཡག་ཤོས”མཆོག་སྐྱིད་དང“བཅིངས་འགྲོལ་དམག་མིའི”དབར་གྱི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-31

    འདི་ནི་བཅའ་སྡོད་དཔུང་སྡེའི་དཔོན་དམག་གིས་ཁོ་ཚོར་ལྟ་བར་སླེབས་པའི་མཆོག་སྐྱིད་བསུ་བཞིན་པ།

    བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔ་ནུབ་ཏུ་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། རྒྱལ་ཡོངས་གཉིས་བཀུར་གཟིགས་སྐྱོང་བཀོད་སྒྲིག་གཞུང་དོན་ཁང་བཅས་ཀྱིས་མཉམ་འབྲེལ་དུ་བདམས་པའི་2023ལོའི“དམག་བཀུར་མི་སྣ་ཡག་ཤོས”ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ལོ་61ལ་སླེབས་པའི་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གྲང་རླུང་ཤང་གནས་གྲོང་ཚོའི་གྲོང་མི་མཆོག་སྐྱིད་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་ཡོད།

    གམ་པ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་ཟིན་གྱི་ཡོད། “གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། མཚོ་རྩིས་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ“བཅས་ནི་གམ་པ་རྫོང་གི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ལོ་མང་རིང་དཀའ་སྤྱད་འབད་འཐབ་བྱས་པའི་གནས་ཚུལ་དངོས་ཤིག་རེད།

    འདི་གར“ས་མཐོའི་མཐའ་སྲུང་དཔེ་བཟང་དམག་སྒར”བཙུགས་ཡོད། 2016ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་བཀའ་རྒྱར་མཚན་རྟགས་བཀོད་དེ་བོད་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གི་གམ་པ་མཐའ་སྲུང་སྒར་ཤོག“ས་མཐོའི་མཐའ་སྲུང་དཔེ་བཟང་དམག་སྒར”གྱི་གཟི་བརྗིད་མཚན་སྙན་གནང་བ་རེད། 2021ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ས་མཐོའི་མཐའ་སྲུང་དཔེ་བཟང་དམག་སྒར”གྱི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་པ་རེད།

    འདི་ག་ནི་ཁུང་ཧྥན་སེན་གྱིས་ཕྱག་ལས་གནང་མྱོང་བའི་ས་ཆ་ཞིག་རེད་ལ་ཁུང་ཧྥན་སེན་གྱི་སྙིང་སྟོབས་ཀྱི་འབྱུང་གནས་གལ་ཆེན་ཞིག་ཀྱང་རེད། འདི་གར“རྒྱལ་གཅེས་དམག་བཀུར་གྱི་དཔེ་བཟང་བ”ལྷག་སྐྱིད་དང“དམག་བཀུར་མི་སྣ་ཡག་ཤོས”མཆོག་སྐྱིད་མ་སྨད་གཉིས་ཀྱིས་ལོ་60ལྷག་ཙམ་རིང་རྒྱུན་མཐུད་དམག་བཀུར་བྱས་པའི་གཏམ་རྒྱུད་གྲགས་ཡོད།

    “དམག་མི་རང་གི་བུར་བརྩི་བ་དང་ལན་ཤོག་རང་ཁྱིམ་ལ་བརྩི་བ”ནི་བཅའ་སྡོད་དཔུང་སྡེས་མཆོག་སྐྱིད་ལ་སྤྲད་པའི་གུས་དར་ཞིག་རེད།

    ལྷག་སྐྱིད་དང་མཆོག་སྐྱིད་མ་སྨད་གཉིས་ཀྱི་ཤུགས་རྐྱེན་འོག་ད་ཆའི་གམ་པར་འཐབ་ས་མདུན་མ་འགན་ལེན་དང་རྒྱབ་སྐྱོར། མདུན་ཕྱོགས་སོ་ལྟ་ཁང་ལ་ཞབས་འདེགས་ཞུ་བ་བཅས་ནི་སྔ་ས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འགྱུར་བ་མེད་པའི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

    གངས་ཁྲོད་ཀྱི་མཚན་མོར་ཕན་ཚུན་ལྟ་སྐྱོང་བྱས།

    5592སོ་ལྟ་ཁང་ལ་ས་བབ་མཐོ་ཚད་སྨི་5592ཡོད་པ་དང་དེ་ནི་དམག་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་དམག་མི་བཅའ་སྡོད་ཀྱི་ས་ཚིགས་ཀྱི་གྲས་ཤིག་རེད།

    འཐབ་འཛིང་པ་ཤེས་རབ་ཉི་མ་སོ་ལྟ་ཁང་བཙུགས་མ་ཐག་ནས་དེ་གར་སྡོད་ཀྱི་ཡོད། དུས་ཡུན་རིང་པོར་མཐོ་གྲང་དང་གསོ་རླུང་དཀོན་པའི་ཁོར་ཡུག་ནང་ལས་ཀ་བྱས་པས་ཤེས་རབ་ཉི་མའི་མིག་རྩ་དམར་པོ་དང་མཆུ་ཏོ་སྨུག་པོར་གྱུར་ཡོད་མོད། འོན་ཀྱང་ཁོང་གིས་ངར་ལྕགས་ལས་གྲུབ་པའི་གཟེར་དང་འདྲ་བར་ལས་སྒྲུབ་ས་ཚིགས་ཀྱི་ལས་གནས་བརྟན་སྲུང་བྱེད་བཞིན་མཆིས། ཁོང་གིས་གསར་འགོད་པར་བྲག་རྡོ་ལྟར་གྱི་དམག་སྲིད་དང་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་འབྲེལ་བ་ལས་ཁོང་ལ་ལས་གནས་བརྟན་སྲུང་བྱེད་པའི་སྟོབས་ཤུགས་ཚད་མེད་སྦྱིན་བྱུང་ཞེས་བཤད།

    2017ལོའི་དབྱར་དུས་སུ་མཐའ་མཚམས་ཀྱི་དུས་བབ་ལ་འགྱུར་ལྡོག་ཕྱིན་པའི་དབང་གིས་ཤེས་རབ་ཉི་མ་གནས་སའི་དཔུང་སྡེས་དངོས་ཟོག་ཁག་གཅིག་འཐབ་ས་མདུན་མར་དབོར་དགོས་ཀྱི་ཡོད།

    དམག་དཔུང་རླངས་འཁོར་གྱི་འགྲོ་ལམ་དུ་རྡོ་ཧྲུག་གིས་ཁེངས་པ་དང་། རི་མཐོ་གཡང་གཟར། ཁ་བ་བུ་ཡུག་འཚུབ་པའི་མཐའ་མཚམས་ཀྱི་ས་བབ་མཐོ་ཁུལ་དུ་སྐྱོད་སྐབས་རླངས་འཁོར་མུ་མཐུད་སྐྱོད་ཐབས་བྲལ་ནས་རྟ་དང་ཁལ་མས་དངོས་ཟོག་དབོར་འདྲེན་བྱེད་དགོས་བྱུང་།

    སྐབས་དེ་དུས་ཐོ་རེངས་ཀྱི་ཆུ་ཚོད་གཉིས་པ་ཟིན་རུང་མཆོག་སྐྱིད་ཀྱིས་གནས་ཚུལ་ཤེས་རྗེས་འཕྲལ་དུ་ཁ་པར་བརྒྱབ་ནས་ཤང་དང་འབྲེལ་བ་བྱས་ཏེ་མང་ཚོགས་སྒྲིག་འཛུགས་དང་མཐུན་སྦྱོར་གྱིས་མཚན་མོ་དེ་རང་ལ་རླངས་འཁོར་དང་རྟ་བཏང་ནས་རོགས་སྐྱོར་བྱེད་པར་བསྐྱོད་ཡོད། དུས་ཚོད་དམ་འཛིན་དང་རྟའི་ནུས་ཤུགས་གྲོན་ཆུང་བྱ་ཆེད། ཁོང་གིས་བཟའ་ཟླ་རྟ་མགྲིན་ལ་ཁྱིམ་གྱི་ཟོག་འདྲེན་རླངས་འཁོར་ཆེན་པོ་དེ་བཏང་སྟེ་རྟ་གཞུང་ལམ་ནས་དབོར་རྒྱུའི་སྐུལ་སློང་བྱས། ཁོང་གིས་ད་དུང་བཟའ་ཟླར་དམག་སྤྱོད་དངོས་རྫས་རྩ་ཆེན་ཡིན་པ་དང་། རླངས་འཁོར་གྱི་སྣུམ་རྫོགས་ནའང་དམག་སྤྱོད་སྣུམ་བླུགས་མི་རུང་བ་མ་ཟད། དམག་དཔུང་གི་དངུལ་དེ་བས་ལེན་མི་རུང་བའི་མངགས་བཅོལ་ཡང་ཡང་བྱས།

    ཐོ་རེངས་ཀྱི་ཆུ་ཚོད་4པར་མང་ཚོགས་20ལྷག་ཙམ་དང་རྟ་བཅུ་གྲངས་ཁ་ཤས་ས་གནས་ས་ཐོག་ཏུ་འབྱོར་ཡོད། དམག་དམངས་མཉམ་དུ་ཉིན་དེའི་ཐོ་རེངས་ནས་ཉིན་གཉིས་པའི་ཐོ་རེངས་བར་བྲེལ་བ་ཆེན་པོས་དངོས་ཟོག་དབོར་བས་གཞི་ནས་དངོས་ཟོག་མ་ལུས་དབོར་ཐུབ་པ་རེད།

    ཆུ་ཚོད་20ཙམ་ལས་ཀ་ཧུར་ཐག་བྱས་པས་མི་ཚང་མ་ཐང་ཆད། ཡིན་ནའང་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་པའི་གནས་ཚུལ་ཞིག་ཐོན་ཡོད།

    སྐབས་དེ་དུས་ཟླ་7པ་ཡིན་ནའང་སྔར་བཞིན་གངས་སིམ་སིམ་འབབ་པ་དང་ལྷག་པ་ཆེན་པོ་རྒྱག་གི་འདུག དེ་དུས་གུར་4རང་ལས་མེད་པས་མི་ཚང་མ་ནང་དུ་ཤོང་ཐབས་བྲལ། ང་ཚོ་མང་ཚོགས་ཚོས་དཔོན་དམག་ཚོ་ངལ་གསོ་ལྷོད་ལྷོད་ཅིག་རྒྱག་རྒྱུ་ཡོང་ཆེད། མཚན་གང་ཕྱི་རོལ་དུ་སྡོད་རྒྱུ་བྱས་པ་ཡིན། དཔོན་དམག་ཚོས་གཉེན་ཉེ་འདྲ་བའི་ཡུལ་མི་ཚོ་ཁ་བའི་ཁྲོད་དུ་ཞག་སྡོད་བྱེད་དུ་འཇུག་བློས་མ་བཟོད་པར་ང་ཚོ་གུར་ནང་སྡོད་རོགས་ཞེས་ཨུ་ཚུགས་བརྒྱབ་ནའང་ཚང་མ་གུར་ནང་སྡོད་མ་ཕོད། མཐར་དཔོན་དམག་ཚོས་རྐང་ཐང་མར་དམག་མིའི་རླངས་འཁོར་འཇོག་སར་བསྐྱོད་དེ་རླངས་འཁོར་ནང་ཞག་སྡོད་བྱས་ནས་གུར་ཡིན་ཅིག་ཡུལ་མི་ཚོར་སྤྲོད་རྒྱུའི་ཐག་བཅད་སོང་ཞེས་ཤེས་རབ་ཉི་མས་དྲན་གསོ་བྱེད་བཞིན་བཤད།

    མཆོག་སྐྱིད་ཀྱི་སེམས་ཁྲལ།

    “དམག་རྒྱག་དུས་གང་ཞིག་དགོས་པ་དང་། གཡུལ་སར་རོགས་སྐྱོར་བྱེད་སྐབས་འགན་སྲུང་ཇི་ལྟར་བྱེད་དགོས་པ། དམག་དཔུང་ལ་གང་ཞིག་དགོས་མཁོ་ཡོད་པ། གཡུལ་སར་རོགས་སྐྱོར་བྱེད་སྐབས་གྲ་སྒྲིག་ཇི་ལྟར་བྱེད་དགོས་པ”སོགས་མཐའ་མཚམས་ཀྱི་འགག་སྒོར་བུ་ཕྲུག་དམག་གིས་ཟོལ་མེད་སྲུང་སྐྱོང་དང་། རྒྱབ་ཕྱོགས་སུ་སྤྱི་ཚོགས་ཡོངས་ཀྱིས་དམག་བཀུར་ལ་རྒྱབ་སྐྱོར་བྱས་ཡོད།

    མཆོག་སྐྱིད་ཁྱིམ་དུ་ལོག་རྗེས“མདུན་ཕྱོགས་ཀྱི་འཐབ་འཛིང་པ་ཚོ་འཁྱགས་ཀྱི་མེད་དམ། ཟ་རྒྱུ་དང་གྱོན་རྒྱུ་ཡག་པོ་ཡོད་དམ”སྙམ་པའི་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། མཆོག་སྐྱིད་ཀྱིས་གསར་འགོད་པར་གྲང་རླུང་ཤང་དུ་ལྷག་པ་འུར་འུར་དུ་ལྡང་བའི་སྒྲ་ཐོས་རིམ་བཞིན་སེམས་ཁྲལ་ཆེན་པོ་འདུག་ཅེས་བཤད།

    ‘བཅིངས་འགྲོལ་དམག་མིས’མཐའ་མཚམས་ཀྱི་འཐབ་ས་དང་པོར་ང་ཚོར་སྲུང་སྐྱོང་བྱེད་ཀྱི་ཡོད། ཁོང་ཚོའི་སྒེར་སེམས་མེད་པའི་བློས་གཏོང་དང་ཐ་ན་རང་སྲོག་ཀྱང་བློས་བཏང་བ་དྲན་ཚེ། ངའི་ཟས་ཀྱི་དང་ག་དང་གཉིད་ཐེབས་ཆག་ནས་ཁོང་ཚོ་ལྷག་པར་དྲན་པ་མ་ཟད། ད་དུང་མིག་མདུན་དུ་ཁོང་ཚོའི་གཟུགས་བརྙན་གསལ་ལྷང་ངེར་འཆར་གྱི་འདུག

    སྐད་ཆའི་མཇུག་མ་རྫོགས་གོང་མཆོག་སྐྱིད་ཀྱི་མིག་ལ་མཆི་ཞག་འཁོར་ཞིང་མགྲིན་པ་བརྣངས་ནས་སྐད་ཆ་ཤོད་མི་ཐུབ་པར་གྱུར།

    མཆོག་སྐྱིད་ཀྱིས་གསར་འགོད་པར་དུས་རབས་གོང་མའི་ལོ་རབས་60པའི་དུས་འགོར། བཅིངས་འགྲོལ་དམག་གམ་པ་རྫོང་དུ་བཅའ་སྡོད་བྱས་ནས་རྒྱལ་སྲུང་མཐའ་སྲུང་དང་ས་གནས་དེ་གའི་དབུལ་པོར་འཚམས་འདྲི་བྱས་པ་མ་ཟད། ད་དུང་ཁོང་ཚོར་སྨན་ཡང་སྐྱེལ་གྱི་ཡོད། ཁོང་གི་ཨ་མ་ལྷག་སྐྱིད་1933ལོར་སྐྱེས་པ་དང་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་གདུག་རྩུབ་ཆེ་བའི་རྣམ་པ་བརྒྱུད་མྱོང་བས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འོད་ཟེར་དང་དྲོ་སྐྱིད་ལ་གཅེས་འཛིན་ལྷག་པར་བྱེད་ཀྱི་ཡོད། ལྷག་སྐྱིད་ནང་མི་ཚོས་ཀྱང་བཅའ་སྡོད་དཔུང་སྡེ་དེ་ཁྱིམ་མཚེས་ཡག་པོ་དང་ཁྱིམ་ཚང་གཅིག་ལྟར་བརྩིས་ནས། དམག་མི་གསར་པ་དམག་ནང་ཞུགས་པར་དགའ་བསུ་ཞུ་བ་མ་ཟད། དམག་མི་རྒན་གྲས་དམག་དཔུང་ནས་ཕྱིར་ལོག་པར་སྐྱེལ་མ་ཞུ་གི་ཡོད། ཁོང་ཚོའི་དབར་ཕན་ཚུན་རོགས་རམ་གྱིས་ལོ་གསར་དང་དུས་ཆེན་གཏོང་རིམ་བཞིན་འཚམས་འདྲི་ཞུ་རེས་བྱེད་ཀྱི་ཡོད།

    བོད་དམག་ཁུལ་ཁང་གི་ཆབ་སྲིད་པུའུ་ཡིས་རྩོམ་སྒྲིག་བྱས་པའི་དཔྱད་ཡིག་ཏུ་གཏམ་རྒྱུད་ཅིག་འཁོད་ཡོད་པ་སྟེ། 1979ལོའི་དགུན་གྱི་མཚན་མོ་ཞིག་ལ་གྲང་རླུང་ཤང་དུ་བཅའ་སྡོད་དཔུང་སྡེའི་གློག་བརྙན་སྟོན་སྐབས། ལྷག་སྐྱིད་དང་སྐབས་དེར་ཤང་དུ་གནས་སྡོད་བྱེད་མཁན་བློ་མཐུན་ཁུང་ཧྥན་སེན་གྱིས་རང་འགུལ་ངང་དཔུང་སྡེར་སྐོར་གཡེང་བྱེད་རོགས་བྱས་པ་མ་ཟད། ད་དུང་མཉམ་རུབ་ཀྱིས་དངོས་ཟོག་རྐུ་བ་དང་ངན་ཇུས་གཤོམ་མཁན་གྱི་མི་ངན་ཞིག་བཟུང་ཡོད།

    “ང་ཡང་ཚད་ལོན་གྱི་དམག་མི་ཞིག་ཡིན་པས། ངས་ཀྱང་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་པའི་ལྷག་སྐྱིད་ཀྱི་སྐད་ཆ་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་དེའི་ཆེས་གསོན་ཉམས་དོད་པའི་ནང་དོན་ཞིག་ཏུ་གྱུར་ཡོད།

    བློ་མཐུན་ཁུང་ཧྥན་སེན་གྱི་ཤུགས་རྐྱེན་འོག ལྷག་སྐྱིད་ཀྱི་རྒྱལ་གཅེས་དམག་བཀུར་གྱི་བྱ་གཞག་ལ་དགའ་ཞེན་བྱེད་སེམས་སྔར་བས་བརྟན་དུ་ཕྱིན་ནས་དུས་རབས་ཕྱེད་ཀ་ཙམ་ཕྱིན་རུང་འགྱུར་བ་གཏོང་མྱོང་མེད། 2012ལོར་ཨ་མ་ལྷག་སྐྱིད་གྲོངས་ཁར་ནང་མི་ཚོ་མདུན་དུ་སྐད་བཏང་ནས“དམག་བཀུར་གྱི་གཟི་བརྗིད་སྲོལ་རྒྱུན་ངེས་པར་དུ་རྒྱུན་འཛིན་བྱེད་དགོས”ཞེས་གསུངས་པའི་བཀའ་སློབ་དེ་མཆོག་སྐྱིད་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་བཤད།

    2017ལོའི་དགུན་དུས་སུ་གནམ་གཤིས་ཉིན་རེ་ལས་མ་འདས་པར་གྲང་ངར་ཆེ་རུ་སོང་རུང་། མཆོག་སྐྱིད་ཀྱིས་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཚོའི་གྱོན་ཆས་དྲོ་པོ་ཡོད་མེད་དང་དངོས་ཟོག་འདང་ངེས་ཡོད་མེད་ཐད་སེམས་ཁྲལ་བྱེད་ཀྱི་ཡོད། དེས་ན་ཁོང་གིས་གྲོང་ཚོའི་ནང་གི་བུད་མེད་ཚོར་བལ་དང་སྐུད་པ་འཐག་ཏུ་བཅུག་ནས་འཐབ་ས་དང་པོའི་མཐའ་སྲུང་དཔོན་དམག་ཚོར་བལ་གྱི་གདན་དང་། ལག་ཤུབས། རྐང་ཤུབས་སོགས་གྲང་འགོག་གྱོན་གོས་སྐྱེལ་རྒྱུའི་འབོད་སྐུལ་བྱས་པ་མ་ཟད། ད་དུང་ཁོང་གིས་ཡུལ་མི་ཚོ་ཁྲིད་དེ་རང་དངུལ་བཏང་ནས་སྒོར་ཁྲི་3ལྷག་ཙམ་རི་བའི་གཏེར་ཆུ་དང་། ཞོ། ཤིང་འབྲས། མེན་པའོ་སོགས་དངོས་ཟོག་ཉོས་ནས་ལས་སྒྲུབ་བྱ་ཡུལ་དུ་བསྐྱལ་ཡོད།

    ཅ་དངོས་མང་པོ་དེ་འདྲ་ཉོས་རུང་མཆོག་སྐྱིད་ད་དུང་བློ་མི་བདེ་བར། སླར་ཡང་ཁོང་གིས་གསོག་དངུལ་སྒོར་ཁྲི་ལྷག་ཙམ་བཏང་ནས་ལག་ཤུབས་ཆ་50དང་། རྐང་ཤུབས་ཆ་100དང་དེ་བཞིན་བཟའ་བཏུང་སྣ་ཚོགས་ཉོས་ཏེ་ལས་སྒྲུབ་བྱེད་མཁན་དཔོན་དམག་ཚོར་སྐྱེལ་བར་བསྐྱོད་ཡོད།

    2020ལོར་ལོ་60ཙམ་ལ་སླེབས་པའི་མཆོག་སྐྱིད་ཀྱི་གཟུགས་པོ་སྐྱོ་བར་མ་བལྟོས་པར་ཁ་བ་བུ་ཡུག་ཁྲོད་གྲམ་ཐང་བརྒལ་བ་དང་གངས་རི་འཛེགས་ཏེ་སོ་ལྟ་ཁང་5592ལ་བསྐྱོད་ནས་རྟག་ཏུ་ཡིད་ལ་དྲན་པའི་“བཅིངས་འགྲོལ་དམག་མིར”འཚམས་འདྲི་བྱས།

    ད་ཆ་མཆོག་སྐྱིད་ལོ་ན་མཐོ་བར་བརྟེན་དམག་བཀུར་གྱི་ལས་འགན་བུ་མོ་བདེ་སྐྱིད་ཀྱི་ཕྲག་ཏུ་བབས། ཉེ་བའི་ལོ་ཤས་རིང་དཔུང་སྡེར་འཚམས་འདྲིར་སྐྱོད་རིམ་བཞིན་ཁོང་གིས་བུ་མོ་བདེ་སྐྱིད་ཁྲིད་ནས་དམག་བཀུར་གྱི་ལས་དོན་སྤེལ་ཡོད།

    ལྷག་སྐྱིད་དང་། མཆོག་སྐྱིད། བདེ་སྐྱིད་བཅས་ཀྱིས་བཀྲ་ཤིས་སྨོན་འདུན་བརྒྱུད་སྤྲོད་དང་། དྲོ་སྐྱིད་ལྡན་པའི་བྱ་སྤྱོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ་མི་རབས་གསུམ་པོས་དམག་བཀུར་གྱི་ངོ་མཚར་གཏམ་རྒྱུད་བརྩམས་ཡོད།

    དམག་མིའི་སྨན་པས་སྨན་བཅོས་མཐའ་འཁྱོངས་བྱས།

    ཨ་མ་མཆོག་སྐྱིད་པེ་ཅིང་དུ་བྱ་དགའ་རག་ནས་ཕ་ཡུལ་དུ་ལོག་པ་ཤེས་རྗེས། དམག་མིའི་སྨན་པ་ཧྥུང་ཞུའེ་གཡན་གྱིས་ཨ་མ་མཆོག་སྐྱིད་ཀྱི་ཁྱིམ་དུ་ནད་གཞི་དྲག་སྐྱེད་ཡག་པོ་བྱུང་མིན་བལྟ་བར་བསྐྱོད།

    ཨ་མ་མཆོག་སྐྱིད་ལ་གྲུམ་བུའི་ནད་དང་སྒལ་ཚིགས་གཤགས་བཅོས་བྱས་མྱོང་བས་ལྟ་སྐྱོང་ཞིབ་ཚགས་བྱེད་དགོས་ཀྱི་ཡོད། སྨན་པ་ཧྥུང་ཞུའེ་གཡན་གྱིས་མཆོག་སྐྱིད་ལ་རྐང་པ་ཚ་པོ་བཟོ་བྱེད་ཀྱི་སྨན་བཅོས་ཡོ་ཆས་དང་སྨན་ཁ་ཤས་ཁྱེར་ཡོད།

    ཚོམས་ཆེན་གྱི་དཀར་ཆ་དོད་པའི་སྒེའུ་ཁུང་འགྲམ་དུ་ཁོང་གིས་ཨ་མ་མཆོག་སྐྱིད་ལ་འཕྲུལ་ཆས་སྤྱོད་སྟངས་བསླབས། ཁོང་གཉིས་དབར་ལོ་13གྱི་བརྩེ་བ་ལྡན་པའི་མ་སྨད་ཅིག་དང་མཚུངས།

    ལོ་13རིང་། ད་ཆ་ཧྥུང་ཞུའེ་གཡན་ས་གནས་དེ་གའི་མང་ཚོགས་དང་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་བ་ཟབ་མོ་ལྡན་ཡོད། སྨན་པའི་ལས་གོས་དཀར་པོ་གྱོན་པའི་ཧྥུང་ཞུའེ་གཡན་འཕྲད་རིམ་བཞིན་ས་གནས་དེ་གའི་མང་ཚོགས་ཀྱིས“ཨེམ་ཆི་ལགས”ཞེས་འབོད་པས་དེ་ནི་གམ་པ་མང་ཚོགས་ཀྱིས་སྨན་པར་གུས་བཀུར་བྱེད་པའི་བརྩེ་སེམས་ཟབ་མོ་མཚོན་གྱི་ཡོད།

    2013ལོར་གམ་པ་རྫོང་གི་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་། ཟླ་དགུ་པ་སླེབས་མ་ཐག་ཁ་བ་ཆེན་པོ་ཞིག་བབས། ཧྥུང་ཞུའེ་གཡན་བཅའ་སྡོད་བྱེད་སའི་ཕྲང་མགོ་ལའི་སོ་ལྟ་ཁང་གི་ས་བབ་མཐོ་ཚད་སྨི་5318ཟིན་གྱི་ཡོད། ཉིན་ཞིག་གི་མཚན་མོའི་ཆུ་ཚོད་2པ་3པ་ཙམ་ལ་འབྲོག་པ་གསུམ་གྱིས་ཉལ་ཁང་གི་སྒོ་བརྡུངས་ནས་སྲོག་སྐྱོབ་རོགས་ཞེས་འབོད། དེ་ཉིན་དགོང་མོ་ཁ་བ་ཆེན་པོ་བབས་པའི་རྐྱེན་གྱིས་ཕྱུགས་འཚོ་མཁན་འབྲོག་པ་ཚོ་ནོར་ལུག་འཚོལ་བར་འགྲོ་བའི་ལམ་བར་དུ་ལམ་ནོར་ཐེབས། མུན་ནག་ཁྲོད་ཁོང་ཚོས་སོ་ལྟ་ཁང་གི་གློག་འོད་ཀྱི་ཕྱོགས་སུ་བསྐྱོད་ནས་ཕྲང་མགོ་ལ་འཛེགས།

    འབྲོག་པ་ཚོ་གྲོད་པ་ལྟོགས་ལ་འཁྱག་པའི་ཁར་ད་དུང་ལུས་པོར་རྨ་བཟོས་ཡོད་པ་མཐོང་སྐབས་སོ་ལྟ་ཁང་གི་དཔོན་དམག་ཚོས་མགྱོགས་མྱུར་ཁོང་ཚོ་སོ་ལྟ་ཁང་དུ་ཁྲིད་ནས་མེ་བསྲོ་རུ་བཅུག་པ་དང་འབྲེལ་ཁ་ལག་བསྟེར་བ་དང་། ཧྥུང་ཞུའེ་གཡན་གྱིས་ཁོང་ཚོར་སྨན་བྱུགས་པ་དང་སྨ་རས་དཀྲིས། ཉིན་གཉིས་པར་དགོང་མོ་ཁ་བ་ཆེན་པོ་བབས་རྐྱེན་དཔོན་དམག་དང་འབྲོག་པ་ཚོས་སོ་ལྟ་ཁང་གི་སྒོ་ཕྱེ་ཐབས་བྲལ་བས་ཐོག་ཁའི་སྒེའུ་ཁུང་ནས་ཕྱིན་ཐོན་པ་དང་གངས་ཆེན་པོ་བབས་རྐྱེན་སོ་ལྟ་ཁང་གི་སྒོ་འགགས་ཡོད་པ་མཐོང་། དམག་མིའི་སྨན་པས་བསྐྱབས་པའི་འབྲོག་པ་གསུམ་གྱིས་སེམས་འགུལ་ཆེན་པོས“‘བཅིངས་འགྲོལ་དམག་མིས’ང་ཚོ་བསྐྱབས་བྱུང”ཞེས་བཤད།

    མཆོག་སྐྱིད་ཀྱི་ཁྱིམ་ལ་བཅའ་སྡོད་དཔུང་སྡེའི་དམག་མིའི་སྨན་པས་སྨན་བཅོས་ཐེངས་མང་བྱེད་མྱོང་ཡོད། ཨ་མ་ལྷག་སྐྱིད་ལ་སྙིང་ནད་ཕོག་པས་དཔུང་སྡེའི་ཨེམ་ཆིས་རྒྱུན་དུ་ཁྱིམ་དུ་སྨན་བཅོས་བྱས་པ་མ་ཟད། ད་དུང་རྒྱུན་དུ་འོ་རྩམ་དང་ཕག་ཀྲིན་སོགས་ཁྱེར་ནས་ཨ་མར་ལྟ་བར་ཡོང་གི་ཡོད། སྟོན་ལས་བྱེད་སྐབས་ཁོང་ཚོས་ཀྱང་རོགས་པ་བྱེད་ཀྱི་ཡོད་ཅེས་མཆོག་སྐྱིད་ཀྱིས་གསར་འགོད་པར་བཤད།

    ཐེངས་ཤིག་ཨ་མ་ལྷག་སྐྱིད་གློ་བུར་དུ་སྙིང་ནད་སྡུག་ཏུ་ཕྱིན་ནས་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད། མཆོག་སྐྱིད་སྐབས་དེ་དུས་དངངས་སྐྲག་སྐྱེས་ནས་ག་བྱེད་འདི་བྱེད་མེད་པར་གྱུར། དེ་ནས་བཅའ་སྡོད་དཔུང་སྡེར་ཁ་པར་བརྒྱབ་ཏེ་རོགས་པ་བྱེད་རོགས་ཞུས་པ་རེད། དཔུང་སྡེས་འཕྲལ་མར་ཨེམ་ཆི་བཏང་ནས་ཨ་མར་སྨན་སྟེར་བ་དང་སྨན་ཆུ་བླུགས་རྗེས་ཨ་མ་ལྷག་སྐྱིད་ཀྱི་ནད་གཞི་གཞི་ནས་དྲག་ཏུ་ཕྱིན་སོང། “‘བཅིངས་འགྲོལ་དམག་མིས’ཨ་མ་བསྐྱབས་པའི་བཀའ་དྲིན་ང་ཚོ་ནང་མི་ཚོས་ནམ་ཡང་བརྗེད་མི་སྲིད”ཅེས་མཆོག་སྐྱིད་ཀྱིས་དྲན་གསོ་བྱེད་བཞིན་བཤད།

    དམག་མིས་དམངས་ལ་གཅེས་པ་དང་། དམངས་ཀྱིས་དམག་ལ་བཀུར། དམག་དམངས་མཉམ་ཤི་མཉམ་གསོན་གྱི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱུང་ཡོད།

    རྒྱང་ལམ་གསར་པར་གམ་པ་རྫོང་གི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་སྲིད་བཀུར་དམངས་གཅེས་དང་དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དུས་རབས་གསར་པའི་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་རྒྱལ་སྲུང་ལ་སེམས་ཁུར་དང་། རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་སྲུང་སྐྱོང་བཅས་ཀྱི་རྣམ་པ་ཟབ་མོ་ཕྱོགས་ཡོངས་ནས་བཏོད་པ་མ་ཟད། དམག་དམངས་སེམས་མཐུན་ངང་རྒྱལ་ཁ་ལེན་པ་དང་དམག་དམངས་ཀྱིས་ཐུན་མོང་ཐོག་ལྕགས་དང་ངར་ལྕགས་ཀྱི་ལྕགས་རི་ཞིག་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།