ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་སྡེ་ཚན་མང་པོ་དང་མཉམ་དུ་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་དོགས་ཟོན་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་སྐོར་གྱི་ཤེས་བྱར་འགྲེལ་བཤད་རྒྱག་བཞིན་པ།
ཁྲིམས་ལས་འགལ་ནས་མ་དངུལ་བསྡུ་རུབ་བྱེད་པའི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་དང་དབྱེ་འབྱེད་བྱེད་པའི་སྤྱི་ཚོགས་སྤྱི་དམངས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དང་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་གྱིས་སྣེ་གདོང་ཆུས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་སོགས་ཚན་པ་དང་མཉམ་དུ། སྦར་ར་ལམ་ཁྲོམ་གཞུང་དུ“ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་བྱེད་མཁན་དང་བར་ཐག་རིང་དུ་བཏང་ནས་སྐྱེད་ཆེའི་བསླུ་བྲིད་འོག་མི་ཚུད་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་དོགས་ཟོན་བྱེད་དགོས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་མི་དམངས་ཉེན་རྟོག་པས་ཚན་པ་གཞན་པའི་ལས་དོན་མི་སྣ་དང་མཉམ་དུ་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་དང་། རྒན་གསོའི་འཚོ་རྟེན་ཁ་བསླུས། གན་རྒྱའི་ཁ་བསླུས། ཁྲིམས་འགལ་བརྒྱུད་འཚོང་སོགས་ཀྱི་དཔེ་མཚོན་གྱོད་དཔེར་དམིགས་ཏེ། རྒན་རྒོན་དང་། ཕྱི་ནས་ཡོང་མཁན་ལས་མི། ཚོང་དུད་ཆུང་གྲས་སོགས་ལ་གཙོ་གནད་དུ་དྲིལ་བསྒྲགས་བྱས་པ་རེད། དེའི་རིང་མི་དམངས་ཉེན་རྟོག་པས་ད་དུང་རྒྱུན་མཐོང་གི་ཉེས་གསོག་བྱ་ཐབས་དམར་རྗེན་དུ་བཏོན་ནས། རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ཀྱི་ཉེན་ཁ་དང་གནོད་འཚེར་ངོས་འཛིན་གཏིང་ཟབ་ཐུབ་རྒྱུར་ཁྲིད་སྟོན་བྱས་ཏེ། ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་དབྱེ་འབྱེད་དང་བཀག་འགོག་བྱེད་པའི་སྤྱི་དམངས་ཀྱི་ནུས་པ་ཆེ་རུ་བཏང་བ་མ་ཟད། མ་འཇོག་དང་དངུལ་དོན་དོ་དམ་གྱི་འདུ་ཤེས་ཡང་དག་ཆགས་པར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་1000ལྷག་ཙམ་སྤྲད་པ་དང་། གྲོང་མི་མི་ཐེངས་50ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་རེད། བྱེད་སྒོ་བརྒྱུད་སྤྱི་དམངས་ཀྱིས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་དོགས་ཟོན་བྱེད་པའི་འདུ་ཤེས་དང་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ནང་ཞུགས་རྒྱུར་དམངས་ཡོངས་ནས་འགོག་ཟོན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།