དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • འདམ་གཞུང་རྫོང་མི་དམངས་ཁྲིམས་ཁང་གིས་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་ཁྲིམས་ཆད་བཅད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    ཉེ་ཆར། གསར་འགོད་པར་འདམ་གཞུང་རྫོང་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། འདི་གའི་ཁྲིམས་ཁང་གིས་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་ཉེས་དོན་ཞོར་འབྲེལ་གྱི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིག་ལ་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་ཡོད། ཁྲིམས་ལྟར་ཁྲིམས་དཔོན་གསུམ་དང་མི་དམངས་འདྲི་གཅོད་ལས་རོགས་པ་བཞི་ལས་གྲུབ་པའི་མི་བདུན་གྱི་མཉམ་གྲོས་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་ཤིང་། འདམ་གཞུང་རྫོང་རང་བྱུང་ཐོན་ཁུངས་ཅུས་སོགས་འབྲེལ་ཡོད་ལས་རིགས་སྡེ་ཚན་དང་གྲོང་མིའི་འཐུས་མི་འགའ་ཡིས་ཟུར་ཉན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་འདིའི་ནང་གི་ཞུ་སྦྱོར་ཕྱི་མར་འཚོ་བའི་ཐད་དཀའ་ངལ་ཡོད་པས་ཁྱིམ་ཚང་གི་ལྟོ་གོས་གནད་དོན་སེལ་ཆེད། ཕྱི་རོལ་དུ་རྙི་བརྒྱབ་སྟེ་གླ་བ(རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས)བཟུང་བ་དང་། དེ་བསད་ནས་གླ་རྩི་བཏོན་ཡོད། དེ་རྗེས་ཞུ་སྦྱོར་ཕྱི་མས་གྲོང་ཚོ་ཨུ་ལྷན་གྱི་གཞོགས་འདེགས་འོག་རང་འགུལ་ངང་ངོས་ལེན་ཞུས་པ་དང་། མྱུལ་ཞིབ་ལས་ཁུངས་ཀྱིས་གླ་རྩི་དང་ཉེས་གསོག་ལག་ཆ་བཙན་ཉར་བྱས་ཡོད།

    ཆོད་སྡོམ་བྱས་པ་བརྒྱུད། 《སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་གཞི་འཛིན་སའི་རིན་ཐང་གི་ཚད་གཞིའི་དཀར་ཆག》ལ་གཞིགས་ནས་གཏན་འཁེལ་བྱས་པར་གླ་བ་ཞིག་ལ་རིན་ཐང་སྒོར་30000རི་ཡི་ཡོད། མྱུལ་ཞིབ་ཐེར་འདོན་གྱི་དུས་མཚམས་སུ་ཞུ་སྦྱོར་ཕྱི་མས་ནག་ཉེས་དང་ཁྲིམས་ཆད་ངོས་ལེན་གྱི་འགྱོད་བཤགས་ཡི་གེར་མིང་རྟགས་བཀོད་པ་དང་། ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱེད་རིང་ཁོ་པས་གླ་བ་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་ཤེས་བཞིན་དུ་གནས་སྐབས་ཀྱི་འདོད་རྔམ་དང་བཅའ་ཁྲིམས་ཀྱི་ཉེས་པ་ལས་ཐར་ཐུབ་པའི་སྟེས་དབང་གི་བསམ་བློ་འཆང་བཞིན་ཉེས་གསོག་བྱེད་སྤྱོད་སྤེལ་བའི་བརྒྱུད་རིམ་བརྗོད་ཡོད། ཁོ་པའི་ནག་ཉེས་ངོས་ལེན་གྱི་རྣམ་འགྱུར་ལེགས་པོ་ཡོད།

    འདམ་གཞུང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་སྤྱི་བསྒྲགས་ཀྱི་འགན་འཁྲི་འཁུར་རྗེས་ཞོར་འབྲེལ་གྱི་དམངས་དོན་སྤྱི་ཕན་ཞུ་གཏུག་བརྒྱབ་པས། ཕྱོགས་གཉིས་པོས་དམངས་དོན་སྤྱི་ཕན་ཞུ་གཏུག་གི་སྐྱིན་ཚབ་འཇལ་བ(ངལ་གླ་ཚབ་སྤྲོད)དང་དེ་བཞིན་དགོངས་དག་ཐུགས་བདེན་ཞུ་བ་སོགས་ཀྱི་ཐད་ལ་བར་འདུམ་གྱི་གྲོས་མཐུན་བྱུང་ཡོད། ཁྲིམས་རའི་འདྲི་ཞིབ་བརྒྱུད་རིམ་ནང་། གྲོས་མཐུན་གྱི་ནང་དོན་དང་། གྲོས་མཐུན་གྱི་བརྒྱུད་རིམ། གྱོང་གུན་ཁ་གསབ་ཀྱི་ཚད་གཞི། ལག་བསྟར་བྱེད་ཚད་སོགས་ལ་ཕྱོགས་ཡོངས་ནས་འདྲི་ཞིབ་དང་འདྲི་རྩད་བྱས་པ་མ་ཟད། མི་དམངས་ཁྲིམས་ཁང་གི་ཚགས་པར་ཐོག་སྤྱི་དམངས་ལ་གྲོས་མཐུན་གྱི་ནང་དོན་སྤྱི་བསྒྲགས་སྤེལ་བ་དང་། ཉིན་30ཙམ་གྱི་སྤྱི་བསྒྲགས་སྤེལ་རིང་རྩ་འཛུགས་སམ་ཡང་ན་མི་སྒེར་གྱིས་བསམ་འཆར་མེད་སྟབས། ཉེས་དོན་ཞོར་འབྲེལ་གྱི་དམངས་དོན་འདུམ་འགྲིག་ཡི་གེ་རིམ་བཞིན་བཏོན་ཡོད། འདམ་གཞུང་རྫོང་མི་དམངས་ཁྲིམས་ཁང་གི་མཉམ་གྲོས་ཁྲིམས་རའི་ཐོག་གཏུག་རྩོད་ཕྱོགས་གཉིས་པོས་ཞུ་སྦྱོར་ཕྱི་མའི་ཉེས་མིང་གཏན་འཁེལ་དང་ཉེས་བསྟུན་ཆད་གཅོད་ཀྱི་བསམ་འཆར་གང་ལེགས་ཉན་པ་དང་སྦྲགས་ཞུ་སྦྱོར་ཕྱི་མར་སྡེ་ཁུལ་གྱི་ཡོ་བསྲང་ཞིབ་བཤེར་བྱས་རྗེས་། ཞུ་སྦྱོར་ཕྱི་མ་འཕྲིན་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་1དང་ཁྲིམས་ཆད་འགྱངས་གཅོད་ལོ་2བྱེད་རྒྱུ་མ་ཟད། ཉེས་དོན་དངུལ་ཆད་སྒོར་2000གཏོང་རྒྱུའི་ཐག་བཅད་པ་རེད། ཞུ་སྦྱོར་ཕྱི་མ་འཕྲིན་ཆེ་གེ་མོས་ནག་ཉེས་ངོས་ལེན་ཞུས་པ་དང་ཆབས་ཅིག་ཞོར་འབྲེལ་གྱི་དམངས་དོན་འགན་འཁྲི་ཡང་ཧུར་ཐག་འཁུར་ཡོད།

    འདམ་གཞུང་རྫོང་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་གྱིས་སའི་གོ་ལར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རི་སྐྱེས་སྲོག་ཆགས་ནི་དེ་བས་ཀྱང་ང་ཚོས་གཙོ་གནད་ཐོག་སྲུང་སྐྱོབ་བྱ་ཡུལ་ཞིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་བཟུང་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་འཛུགས་སྐྲུན་པ་དང་སྲུང་སྐྱོང་པ་ཞིག་བྱེད་དགོས། དེར་བརྟེན་རྒྱ་ཆེའི་མང་ཚོགས་ལ་དྲན་སྐུལ་ཞུ་རྒྱུར། རྒྱུ་མཚན་དང་ཀུན་སློང་གང་ཡིན་རུང་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་མི་རུང་ལ། ཁྲིམས་འགལ་ངང་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་བཟུང་བ་དང་། ཉོ་ཚོང་། སྐྱེལ་འདྲེན་བཅས་དེ་བས་བྱེད་མི་ཆོག གལ་སྲིད་དེ་ལྟར་བྱས་ན་ཁྲིམས་ཀྱི་ཆད་པ་ལས་ཐར་ས་མེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།