དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • རིན་བྲལ་ལང་ཚོ་སྐྱེས་སུ་འབུལ་ནས་མཐའ་མཚམས་སྲུང་སྐྱོང་ཧུར་ཐག་བྱེད།

    —— ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཡོན་ཧའོ་ཅེའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    འདི་ནི་ཡོན་ཧའོ་ཅེ་དང་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱིས་རྡོའི་སྟེང་ལ་རྒྱལ་དར་གྱི་རི་མོ་བཀོད་བཞིན་པ།

    འདི་ནི་ཡོན་ཧའོ་ཅེ(གཡོན)དང་འཐབ་གྲོགས་ཀྱིས་ཕུ་མ་བྱང་ཐང་དུ་སྐོར་གཡེང་བྱེད་བཞིན་པ།

    ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཡོན་ཧའོ་ཅེའི་སྤོ་བོ་དམག་སྡེ་བཅོ་བརྒྱད་པར་ཞུགས་མྱོང་ཡོད་པ་དང་ཁོང་གི་པཱ་ལགས་ཀྱང་དམག་མི་རེད། ཁྱིམ་ཚང་གི་ཤུགས་རྐྱེན་འོག་ཁོང་གིས་ཆུང་དུས་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་མཁན་གྱི་དམག་མི་ཞིག་བྱེད་པའི་འདུན་པ་བརྟན་པོར་བཅངས།

    ཉེན་རྟོག་པ་བྱས་ནས་ལོ་11སོང་རིང་། ཡོན་ཧའོ་ཅེས་ཐོག་མཐའ་བར་གསུམ་དུ་གངས་ལྗོངས་ས་མཐོའི་དཀའ་ཚེགས་ཆེ་ལ་ས་ཐག་རིང་བའི་མཐའ་མཚམས་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ནས་སྤྱིར་བཏང་གི་ལས་གནས་ཐོག་དཀའ་སྤྱད་འབད་འཐབ་བྱས་ཏེ། མེས་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་ཆེད་སྒེར་སེམས་སྤུ་ཙམ་ཡང་མེད་པར་ལེགས་སྐྱེས་འབུལ་བཞིན་མཆིས།

    དམངས་དོན་སྒྲུབ་ནས་བརྩེ་བ་མངོན་པར་བྱེད།

    ཡོན་ཧའོ་ཅེས་དེ་སྔོན་ལས་ཀ་བྱེད་མྱོང་བའི་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གནས་སའི་ས་བབ་མཐོ་ཚད་སྨི་5373ཟིན་ཞིང་། དེ་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་མཐའ་མཚམས་མངགས་གཏོང་ཁང་ཞིག་རེད།

    འཚམས་འདྲི་བྱེད་རིང་། ཡོན་ཧའོ་ཅེས་ཁོངས་གཏོགས་ཁུལ་གྱི་ཁྱིམ་ཚང་དབུལ་པོ་གཉིས་ཀྱི་ཕྲུ་གུ་ཡུན་རིང་སློབ་གྲྭར་འགྲོ་མཚམས་ཆད་ནས་ཁྱིམ་དུ་བསྡད་ཡོད་པ་ཤེས། ཕྲུ་གུའི་ངོ་གདོང་ནས་སྐོམ་པ་ཆུ་འདོད་ལྟར་གྱི་ཤེས་བྱ་སྦྱོང་བའི་རྣམ་འགྱུར་མཐོང་སྐབས། ཡོན་ཧའོ་ཅེས་ཁོང་ཚོར་རོགས་རམ་བྱེད་རྒྱུའི་སེམས་ཐག་བཅད། ལས་ཁུངས་སུ་ལོག་རྗེས་ཁོང་གིས་སྤྱི་ཕན་གྱི་ལས་ལ་དགའ་བའི་མི་སེམས་བཟང་ཅན་དང་འབྲེལ་བ་བྱས་ཏེ། མྱུར་དུ་སྒོར་ཁྲི་2གྲབས་གསོག་བྱས་རྗེས་ཁྱིམ་ཚང་གཉིས་ལ་སྤྲད།

    དོན་ཆུང་དེ་ནི་ཡོན་ཧའོ་ཅེ་དང་མངགས་གཏོང་ཁང་གི་འཐབ་གྲོགས་ཚོས་ཁོངས་གཏོགས་ཁུལ་དུ་བྱ་བ་དངོས་སྒྲུབ་པ་དང་བྱ་བཟང་སྒྲུབ་པའི་མཚོན་ཚུལ་ཞིག་རེད། ཁོར་ཡུག་ཞན་པའི་མཐའ་མཚམས་ས་ཁུལ་དུ་ཡོན་ཧའོ་ཅེས“མི་ཚེ་དོན་མེད་སྟོང་ཟད་གཏོང་བ་ལས་དོན་སྙིང་ལྡན་པའི་བྱ་བ་སྒྲུབ་ན་དགའ”དང“ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བའི”དམ་བཅའ་བརྟན་པོ་དོན་འཁྱོལ་བྱས་ནས། དོན་ཆུང་ལས་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྒེར་སེམས་མེད་པའི་བརྩེ་བ་ཆེན་པོ་མངོན་གྱི་ཡོད།

    ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་བར་བརྩོན།

    ཡོན་ཧའོ་ཅེའི་བཟའ་ཟླ་ཁྲེན་ཡིང་ཡང་དམག་མིའི་ཁྱིམ་དུ་འཚར་ལོངས་བྱུང་བ་དང་། ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་གི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་ཞིག་རེད།

    ཕུ་མ་བྱང་ཐང་ཤང་དང་ལེགས་པོ་ལུང་ཤུར་གཉིས་ལྷོ་ཁ་གྲོང་ཁྱེར་དུ་ཡོད་མོད། འོན་ཀྱང་ས་གནས་གཉིས་དབར་བར་ཐག་སྤྱི་ལེ་700ལྷག་ཙམ་ཡོད། ཡོན་ཧའོ་ཅེས་བཟའ་ཟླའི་སར་འགྲོ་རིམ་བཞིན་རླངས་འཁོར་དུ་ཆུ་ཚོད་བཅུ་གྲངས་བསྡད་དེ་རི་བོ་ཆེན་པོ་4བརྒལ་དགོས་ཀྱི་ཡོད།

    2020ལོའི་གནམ་གང་གི་མཚན་མོར་ཁྲེན་ཡིང་གློ་བུར་དུ་ཕུ་མ་བྱང་ཐང་མངགས་གཏོང་ཁང་གི་སྒར་ཁུལ་དུ་འབྱོར། ཚང་མ་ལོ་གསར་བསུ་བའི་དགའ་སྤྲོར་རོལ་སྐབས་ལས་རེས་ཁང་ལ་གློ་བུར་དུ་ཁ་པར་འབྱོར་ནས“རོགས་སྐྱོབ་ལས་འགན་ཡོད་པས་མགྱོགས་པོ་ཉེན་རྟོག་པ་གཏོང་རོགས”ཅེས་བརྗོད། བཟའ་ཟླ་དང་མཉམ་འཛོམས་བྱས་མ་ཐག་པའི་ཡོན་ཧའོ་ཅེ་ཡིས་དྲན་གདུང་གི་བསམ་པ་བརྗོད་ཁོམ་མ་བྱུང་བར“ལམ་གང་ཞིག་བརྒྱུད་ཚེ་རོགས་སྐྱོབ་བྱ་ཡུལ་དུ་མགྱོགས་ཤོས་འབྱོར་ཐུབ་མིན”གྱི་བསམ་བློ་འཁོར།

    བཟའ་ཟླས་ཁོང་གི་བསམ་ཚུལ་ཤེས་རྗེས“ཁྱེད་རང་མགྱོགས་པོ་རྒྱུགས། ང་ལ་སེམས་ཁྲལ་བྱེད་དགོས་མེད། ལམ་བར་དུ་གཟབ་གཟབ་བྱེད་ཨང་། ངས་རང་བསྒུགས་ནས་བསྡད་ཆོག”ཅེས་བཤད།

    “ངས་ཤེས་སོང་། རང་བློ་བདེ་པོ་བྱེད” ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་དུ་རོལ་བའི་མཚན་མོ་གྲངས་ལས་འདས་པར་ཡོན་ཧའོ་ཅེས་རྒྱལ་ཁབ་ཆེད་དུ་ཁྱིམ་ཆུང་དོར་ནས་མེས་རྒྱལ་གྱི་སྤྱི་ལེ་ཁྲི་2.2ཀྱི་མཐའ་མཚམས་སུ་འབད་འབུངས་བྱེད་བཞིན་ཡོད།

    འགན་འཁྲི་ཕྲག་ཏུ་འཁུར་ནས་གཟི་བརྗིད་བཏོད།

    2021ལོའི་ཟླ་6པར། ཡོན་ཧའོ་ཅེ་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་སུའོ་ཀྲང་ལ་བསྐོ་གཞག་བྱས་པ་རེད། དང་ཐོག་ཡུལ་སྨད་དུ་སླེབས་སྐབས་ཁོང་གིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་འདི་སྲུང་མཁན་གྱི་གྲས་ཤིག་ཏུ་གྱུར་བས། ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་དེ་བས་ལྕི”ཅེས་བཤད།

    “འབྲོག་པ་མང་ཚོགས་དང་ཏང་ཡོན་ལས་བྱེད་པ་དེ་བས་མང་བས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ནས་ཡུལ་སྨད་མཐའ་སྲུང་གི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ནི་མིག་སྔའི་ང་ཚོའི་ལས་འགན་གལ་ཆེན་ཞིག་རེད”ཡོན་ཧའོ་ཅེས་མཐའ་མཚམས་ཀྱི་གནས་བབ་ལ་གཞིགས་ནས་དམག་ཉེན་དམངས་མཐུན་སྦྱོར་གྱི“རིམ་སྐྱོད་རྣམ་པའི”དོ་དམ་ཚོད་འཛིན་བྱེད་སྟངས་སྤྱད་ནས“མི་ལྔའི”དཔུང་ཁག་བཏོད་དེ། ཕྱོགས་གསུམ་མཉམ་འབྲེལ་དོ་དམ་ཚོད་འཛིན་གྱི་ལམ་སྲོལ་བཙུགས་ནས་དམག་ཉེན་དམངས་སྒྲིག་འཛུགས་བྱས་ཏེ“མཐའ་མཚམས་ལ་བསྐྱར་དུ་སྐོར་གཡེང་བྱེད་པ”དང“མཐའ་མཚམས་ལ་སྐོར་གཡེང་བྱེད་པའི་ལམ་བུར་རྒྱལ་དར་འགེལ་བ་དང་ཀྲུང་གོ་ཞེས་བྲིས་པ”སོགས་ཀྱི་བྱེད་སྒོ་རྒྱུན་དུ་སྤེལ་ནས། དམག་ཉེན་དམངས་ཕྱར་བ་གྲུ་འདེགས་བྱས་ནས་མཐའ་སྟོབས་དང་མཐའ་བརྟན་གྱི་རྣམ་པ་གསར་པ་བཏོད་ཡོད།

    ལོ་11རིང་གི་གཞི་རིམ་གྱི་ལག་ལེན་ལས་ཡོན་ཧའོ་ཅེས་ལས་ཀའི་ཉམས་མྱོང་མང་པོ་བསགས་ཡོད། ནང་ངོས་ནས་དཔུང་ཁག་གི་རྨང་གཞིར་དམ་འཛིན་དང་ཕྱི་ངོས་ནས་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་བ་བརྒྱུད། ཁོང་གིས“མི་རིགས+”ཀྱི་དམག་དཔུང་དང་། ཉེན་རྟོག་པ། ས་གནས་བཅས་ཀྱི་མཉམ་སྐྲུན་ལམ་སྲོལ་དང་། “གཅིག་གཏད་གཅིག”གི་རོགས་སྐྱོར་ལམ་སྲོལ། “ཉེན་རྟོག་པའི་ལས་དོན”གྱི་ལམ་སྲོལ་སོགས་བྱེད་ཐབས་10བཏོན་པ་མ་ཟད། “12345”ཡི་ལས་ཀའི་བྱེད་ཐབས་ཕྱོགས་སྡོམ་བྱས་པ་དང་འབྲེལ“841”ལས་སྒྲུབ་བྱེད་ཐབས་བཏོད་ཡོད། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་ལ་2022ལོའི་ཟླ་5པར་རྒྱལ་ཡོངས་ཀྱི་ཁག་གཉིས་པའི“ཧྥུང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”གི་མཚན་སྙན་ཐོབ་པ་དེ་བོད་ཀྱི་ཨང་གཉིས་པ་དང་ལྷོ་ཁ་གྲོང་ཁྱེར་གྱི་ཨང་དང་པོ་ཡིན་པ་རེད། ཡོན་ཧའོ་ཅེ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་སྐབས་21པའི“རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་གནས་ཐོག་གི་འཇོན་ཐང་ཅན”ལ་བདམས་པ་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར”ལ་བདམས་པ། བོད་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས“མཐའ་མཚམས་དོ་དམ་གྱི་སྔོན་ཐོན་མི་སྒེར”ལ་བདམས་པ་མ་ཟད། མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་གསུམ་བཞག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།