དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་རྩེའི་སྤྱི་བདེས་མང་ཚོགས་ལ་གྱོང་གུན་སྒོར་ཁྲི་9.2མི་ཕོག་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་དང་རྡུང་རྡེག་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་བཙོག་དངུལ་འདེད་ལེན་དང་གྱོང་གུན་གསབ་ནས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱས་པ་རེད། ཉེ་ཆར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གློག་འཕྲིན་ཁ་བསླུས་གྱོད་གཞི་ཞིག་བཀག་འགོག་བྱས་ནས་མང་ཚོགས་ལ་གྱོང་གུན་སྒོར་ཁྲི་9.2མི་ཕོག་པར་བྱས་པ་རེད།

    ཟླ་7ཚེས་13ཉིན་གྱི་ཆུ་ཚོད་16ཙམ་ལ་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཀུའོ་ཆེ་གེ་མོའི་སྙན་སེང་ཁ་པར་འབྱོར་ནས“ངས་ཆ་མེད་ཀྱི་དྲ་ཚུགས་ཐོག་མི་སྒེར་གྱི་ཡིད་རྟོན་འདྲི་རྩད་བྱས་པ་མ་ཟད། ད་དུང་དྲ་ངོས་ཐོག་རང་ཉིད་ཀྱི་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། དངུལ་ཁང་གཱ་ཡི་ཨང་གྲངས་སོགས་ཀྱི་ཆ་འཕྲིན་བཀོད་པ་ཡིན། འཁྱུག་ཙམ་སོང་རྗེས་རང་ཉིད་ཀྱི་དངུལ་ཁང་གཱ་ནས་སྒོར་ཁྲི་10འཐེན་འདུག་པས་མི་དམངས་ཉེན་རྟོག་པས་ཚུར་ལེན་རོགས་གནང”ཞེས་བཤད།

    མི་དམངས་ཉེན་རྟོག་པས་ཀུའོ་ཆེ་གེ་མོར་ཡིད་རྟོན་རིགས་ཀྱི་གློག་འཕྲིན་ཁ་བསླུས་ཐེབས་པ་ཐག་བཅད་དེ། ཁོ་པར་དངུལ་་བསྒྱུར་མཚམས་འཇོག་ཏུ་བཅུག་པ་མ་ཟད། འཕྲལ་མར་རླངས་འཁོར་བཏང་ནས་ཀུའོ་ཆེ་གེ་མོ་ཡོད་སར་ཕྱིན། སྐབས་དེ་དུས་ཉེས་ཅན་པས་ཁ་བསླུས་བྱེད་སྤྱོད་སྔར་མུས་སྤེལ་བཞིན་ཡོད་པར་བརྟེན་མི་དམངས་ཉེན་རྟོག་པས་ཁ་བསླུས་རྒྱག་མཁན་དང་བློ་གྲོས་འགྲན་ནས་ཕར་ཕྱོགས་ཀྱི་བླང་བྱ་ལྟར“ZOOM”བརྙན་ལམ་ཚོགས་འདུར་ཞུགས་ཏེ་མཐར་གནོད་འཚེ་ཕོག་མཁན་གྱི་སྒོར་ཁྲི་9.2ཚུར་བླངས་པ་རེད། དེའི་རྗེས་སུ་མི་དམངས་ཉེན་རྟོག་པས་གྱོད་དཔེ་དྲངས་ཏེ་ཀུའོ་ཆེ་གེ་མོར་ཁ་བསླུས་ངོ་རྒོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་མ་ཟད། ཀུའོ་ཆེ་གེ་མོར་རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་APPཕབ་ལེན་བྱེད་པར་མཛུབ་ཁྲིད་བྱས་པ་རེད།

    ཉེན་རྟོག་པའི་དྲན་སྐུལ།

    སྔོན་ལ་དངངས་སྐྲག་མ་བྱས་པར། “དུས་ཐོག”གཅིག་དང་། “ཡིན་ཕྱིན་བཞི” “ཚང་མ”དྲུག་བཅས་ལ་བརྟེན་་ན་ཁྱེད་ཀྱིས་གློག་འཕྲིན་ཁ་བསླུས་ལ་ཁ་གཏད་ནན་པོ་གཅོག་ཐུབ། “དུས་ཐོག”གཅིག་ནི་གལ་ཏེ་ངོ་ཤེས་དང་གྲོགས་པོས་བཏང་བའི་ཆ་འཕྲིན་ཡིན་ཚེ། ངེས་པར་དུ་ཁ་པར་བརྒྱབ་ནས་བདེན་མིན་ཞིབ་དཔྱད་བྱེད་དགོས་པ་དང་། གལ་ཏེ་གཟབ་གཟབ་མ་བྱས་པར་མགོ་སྐོར་འོག་ཏུ་ཚུད་ཚེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་འདྲི་རྩད་བྱེད་པའམ་གྱོད་དོན་སྙན་སེང་ཞུ་དགོས། “ཡིན་ཕྱིན་བཞི”ནི་ཁྱེད་རང་གི་དངུལ་ཁང་གཱ་དང་ཁ་པར་གྱི་ར་སྤྲོད་ཨང་གྲངས་མཁོ་འདོན་བྱེད་དགོས་རིགས་ཡིན་ཕྱིན་ཁ་བསླུས་ཀྱི་ཁོངས་སུ་གཏོགས་པ་དང་། དྲ་རྒྱའི་ཐོག་བྲིན་རྫུ་དང་། གཱ་སྤྱོད་པ། ཡིད་རྟོན་རྫུན་བཟོ་བཅས་བྱས་རྗེས་མི་སྒེར་གྱི་དྲ་ཐོག་དངུལ་ཁང་གི་ཆ་འཕྲིན་རྒྱོང་དགོས་པའི་བླང་བྱ་བཏོན་རིགས་ཡིན་ཕྱིན་ཚང་མ་ཁ་བསླུས་ཀྱི་ཁོངས་སུ་གཏོགས་པ། དགེ་རྒན་ནམ་སློབ་གྲོགས་ལ་བརྫུས་ནས་དངུལ་གཡར་བ་དང་ཡང་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་ངོ་མི་ཐུག་པའི་རིགས་ཡིན་ཕྱིན་ཁ་བསླུས་ཀྱི་ཁོངས་སུ་གཏོགས་པ། ཁྱེད་ལ་ཁ་པར་བཏང་ནས་ATMའཕྲུལ་ཆས་སམ་ཡང་ན་དངུལ་ཁང་དུ་དངུལ་བསྐུར་དུ་འཇུག་པ་མ་ཟད། ཁྱེད་རང་ལ་ཕྱི་ཕྱོགས་དང་འབྲེལ་བ་བྱེད་དུ་མ་བཅུག་པ་ཡིན་ཕྱིན་ཁ་བསླུས་ཀྱི་ཁོངས་སུ་གཏོགས་པ་ཡིན། “ཚང་མ”དྲུག་ནི་དངུལ་ཁང་གི་གཱ་སྐོར་ཤོད་པའི་ཁ་པར་འབྱོར་མ་ཐག་ཚང་མ་བཀག་དགོས་པ་དང་། བྱ་དགའ་ཐོབ་པའི་སྐོར་གླེང་མ་ཐག་ཚང་མ་བཀག་དགོས་པ། དྲ་ཚུགས་སུ་འཛུལ་དུ་འཇུག་པའི་འཕྲིན་ཐུང་འབྱོར་ཚེ་ཚང་མ་བསུབ་དགོས་པ། “བདེ་འཇགས་ཐོ་ཁོངས”ཀྱི་སྐོར་གླེང་མ་ཐག་ཚང་མ་ཁ་བསླུས་ཀྱི་ཁོངས་སུ་གཏོགས་པ་ཡིན། སྐད་འཕྲིན་ནས་ངོ་མི་ཤེས་པའི་མིས་དྲ་ཚུགས་བསྐུར་ཚེ་ཚང་མར་འཛུལ་མི་རུང་། “ཁ་པར་སྤྱི་བདེ་ཞིབ་དཔྱོད་དང་ཁྲིམས་ཁང་ལ་བསྒྱུར་བའི”སྐོར་གླེང་མ་ཐག་ཚང་མ་བཀག་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།