དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་མི་དམངས་འདུམ་འགྲིག་ལས་དོན་གྱི་ལམ་སྲོལ་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་གསུམ་རིང་འགལ་ཟླ་དང་རྩོད་གཞི་1734འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    འདི་ནི་མི་དམངས་འདུམ་འགྲིག་པས་ལས་ཡུལ་དུ་འགལ་བ་དང་རྩོད་གཞི་གྲལ་བཤེར་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་མི་དམངས་འདུམ་འགྲིག་པས་འགལ་ཟླ་དང་རྩོད་གཞིའི་འདུམ་འགྲིག་ཐབས་ལམ་མང་པོའི་ཁྲོད་ནས་མི་དམངས་འདུམ་འགྲིག་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་གང་ལེགས་བཏོན་ནས། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་གཙོ་རྐང་དུ་བཟུང་སྟེ། མི་དམངས་འདུམ་འགྲིག་གི་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར། གྲོང་ཁྱེར་ཡོངས་ཀྱི་འདུམ་འགྲིག་རྩ་འཛུགས་ཀྱིས་མི་དམངས་འདུམ་འགྲིག་གི་འགན་ནུས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་གཉེན་སྒྲིག་ཁྱིམ་ཚང་དང་། གྲོང་པ་ཁྱིམ་མཚེས། གྱོང་གུན་ཁ་གསབ་སོགས་ཀྱི་རྒྱུན་མཐོང་དང་ཐོན་མང་བའི་འགལ་ཟླ་དང་རྩོད་གཞི་མུ་མཐུད་ཐག་གཅོད་ཡག་པོ་བྱེད་པ་དང་ཆབས་ཅིག ངལ་རྩོལ་ཐོབ་ཆ་དང་། ཁོར་ཡུག་སྲུང་སྐྱོང་། འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་ལ་ཤུགས་སྣོན་བརྒྱབ་ནས“གྲལ་བཤེར་བྱེད་དགོས་རིགས་གྲལ་བཤེར་དང་འདུམ་འགྲིག་བྱེད་དགོས་རིགས་འདུམ་འགྲིག”ཐུབ་པར་བྱས་ཏེ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་འདུམ་འགྲིག་དང་ཆུང་ས་ནས་འདུམ་འགྲིག་ཏན་ཏིག་ཐུབ་པར་བྱས་ཡོད། ཉེ་བའི་ལོ་གསུམ་རིང་། འགལ་ཟླ་དང་རྩོད་གཞི་1734འདུམ་འགྲིག་བྱས་པ་དང་འདུམ་འགྲིག་ཐུབ་ཚད་95%ཟིན་ཡོད།

    འགལ་ཟླ་དང་རྩོད་གཞིའི་ཐབས་མང་འདུམ་འགྲིག་ལམ་སྲོལ་བཙུགས་པ།

    ཉེ་ཆར། ལྷུན་གྲུབ་རྫོང་ཁྲིམས་འཛིན་ཅུས་དཔལ་འབྱོར་གླིང་ཁྲིམས་འཛིན་སུའོ་ཡིས་སྡེ་ཚན་མང་པོ་དང་མཉམ་དུ། དཀའ་རྙོག་ཆེ་བའི་རྩོད་གཞི་ཞིག་བདེ་བླག་ངང་འདུམ་འགྲིག་བྱས་པས་དོ་བདག་གིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    2022ལོའི་ཟླ་4པར། ལྷུན་གྲུབ་རྫོང་གི་ཀུང་སི་ཞིག་དང་དཔལ་འབྱོར་གླིང་ཤང་སྲིད་གཞུང་དབར་གྲོས་མཐུན་བཞག་སྟེ། འདམ་བཅད་གྲོང་ཚོའི་ས་ཞིང་སྨི་ངོས་གྲུ་22000ལྷག་ཙམ་བོགས་མར་བཏང་ནས་ཤ་མོའི་འདེབས་འཛུགས་རྟེན་གཞི་བཟོས་པ་དང་། དཔལ་འབྱོར་གླིང་ཤང་སྲིད་གཞུང་གིས་ས་ཆ་མཁོ་འདོན་བྱེད་པ་ལས་སྒྲིག་བཀོད་སྒྲིག་ཆས་དང་གཉེར་སྐྱོང་དོ་དམ་ཚང་མ་ལྷུན་གྲུབ་རྫོང་གི་ཀུང་སི་དེས་འགན་ཁུར་རྒྱུ་བྱས། ལྷུན་གྲུབ་རྫོང་གི་ཀུང་སི་དེའི་ཁྲིམས་བཀོད་འཐུས་ཚབ་དབྱིན་ཆེ་གེ་མོ་ན་ནིང་ཟླ་8པར་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་ཅང་སུའུ་རུ་ལུས་ནས་ལས་བཟོའི་གླ་ཆ་དང་རྒྱུ་ཆའི་དངུལ་དུས་ཐོག་ཏུ་སྤྲོད་ཐུབ་མེད།

    2023ལོའི་ཟླ་3ཚེས་8ཉིན། ཀྲང་ཆེ་གེ་མོ་སོགས་མི་བཞི་ལྷུན་གྲུབ་རྫོང་ཡིག་འབུལ་ཞུ་བཅར་ཅུས་ལ་ཕྱིན་ནས་དབྱིན་ཆེ་གེ་མོས་ཁོ་ཚོར་དངུལ་སྒོར་1478081འགྱངས་ཆད་བྱས་ཚུལ་སྙན་སེང་ཞུས་པ་དང་། ཟླ་3ཚེས་17ཉིན། ཤ་མོ་རྟེན་གཞིའི་ལས་མི་ལི་ཆེ་གེ་མོས་དཔལ་འབྱོར་གླིང་ཤང་སྲིད་གཞུང་དུ་དབྱིན་ཆེ་གེ་མོས་ཁོ་ཚོ་ལས་མི་10ཡི་གླ་ཆ་དང་རྒྱུ་ཆའི་དངུལ་བསྡོམས་སྒོར་ཁྲི་27འགྱངས་ཆད་བྱས་ཚུལ་སྙན་སེང་ཞུས་པ་རེད། ལྷུན་གྲུབ་རྫོང་ཡིག་འབུལ་ཞུ་བཅར་ཅུས་དང་དཔལ་འབྱོར་གླིང་ཤང་སྲིད་གཞུང་གཉིས་ཀྱིས་འདུམ་འགྲིག་བྱས་པ་བརྒྱུད། ཕྱོགས་གཉིས་པོའི་དབར་བསམ་འཆར་གཅིག་མཐུན་བྱུང་ནས་དངུལ་ལྷག་མ་རྣམས་སྤྲོད་རྒྱུའི་གྲོས་མཐུན་བཞག་པ་རེད།

    དཔལ་འབྱོར་གླིང་ཁྲིམས་འཛིན་སུའོ་ཡིས་སྔར་བས་ཤེས་རྟོགས་བྱས་པར་གཞིགས་ན། ཀུང་སི་དེས་དུས་འགོའི་མ་དངུལ་སྤྲོད་དགོས་པའི་རྨང་གཞིའི་ཐོག ད་དུང་ལི་ཆེ་གེ་མོ་སོགས་ལས་མི་43ལ་གླ་ཆ་དང་རྒྱུ་ཆའི་དངུལ་བསྡོམས་སྒོར་1379887འགྱངས་ཆད་བྱས་ཡོད་པ་རེད། དེར་བརྟེན་ཁྲིམས་འཛིན་སུའོ་ཡིས་དཔལ་འབྱོར་གླིང་ཤང་སྲིད་གཞུང་དང་། ཡིག་འབུལ་ཞུ་བཅར་ཅུས། ངལ་རྩོལ་ཅུས། མངགས་གཏོང་ཁང་། རྣམ་གྲངས་ཚན་པའི་དཔལ་འབྱོར་ཆ་འཕྲིན་ཅུས་བཅས་དང་མཉམ་དུ་འདུམ་འགྲིག་ལ་ཞུགས་པས། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག ཡིག་འབུལ་ཞུ་བཅར་འདུམ་འགྲིག་བཅས་ཀྱིས་ཐུན་མོང་དུ་འདུམ་འགྲིག་བྱེད་པའི་རྣམ་པ་ཞིག་ཆགས་ཡོད། དེ་དང་ཆབས་ཅིག་བོད་སྐྱོར་ཁྲིམས་རྩོད་པ་དང་ཤང་འགན་གཙང་ལེན་མཁན་ཁྲིམས་དཔོན་གྱི་ལས་ཀའི་ལེགས་ཆ་གང་ལེགས་བཏོན་ནས། ཞིང་པ་ལས་མི་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་རིན་པ་མི་དགོས་པར་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་ནས། ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ནུས་ལྡན་བྱས་ཡོད། གྲོས་མོལ་དང་འདུམ་འགྲིག་ཐེངས་མང་བྱས་པ་བརྒྱུད། ཟླ་4ཚེས་12ཉིན་ཕྱོགས་གཉིས་དབར་བསམ་འཆར་གཅིག་མཐུན་བྱུང་ཞིང་། སླར་ཡང་གྲོས་མཐུན་བཞག་པ་མ་ཟད་ཁྲིམས་འཛིན་གྱི་གཏན་འཁེལ་ཡང་བྱས་པ་རེད།

    གྲོང་ཁྱེར་ཡོངས་ཀྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ཕྱོགས་ཡོངས་ལ་ཁྱབ་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་འགན་ནུས་ལ་གཞི་ཚུགས་ཏེ་མི་དམངས་འདུམ་འགྲིག་གིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི“འགོག་སྲུང་འཛིང་རགས་དང་པོའི”ནུས་པ་གང་ལེགས་བཏོན་ནས། རིམ་པ་ཁག་དང་རིགས་ཁག་གི་མི་དམངས་འདུམ་འགྲིག་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། མི་དམངས་འདུམ་འགྲིག་པའི་དཔུང་ཁག་ལེགས་འདེམས་ཧྲག་སྒྲིག མི་དམངས་འདུམ་འགྲིག་ལས་དོན་གྱི་ལམ་ལུགས་ཅན་དང་ཚད་ལྡན་ཅན་ལ་ཤུགས་སྣོན། མི་དམངས་འདུམ་འགྲིག་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས། མི་དམངས་འདུམ་འགྲིག་ལས་དོན་ལ་བཀྲག་མདངས་འཚེར་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)ཚང་མར་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ཡོད་པ་དང་གཞུང་ལམ་འགྲིམ་འགྲུལ་དང་ངལ་རྩོལ་རྩོད་གཞི་སོགས་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་ཡོངས་ཁྱབ་ངང་བཙུགས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་སུ་མི་དམངས་འདུམ་འགྲིག་རྩ་འཛུགས་425དང་། གྲོང་ཚོའི་འདུམ་འགྲིག་ཨུ་ལྷན་228 སྡེ་ཁུལ་གྱི་འདུམ་འགྲིག་ཨུ་ལྷན་53 ཤང་དང་གྲོང་རྡལ་གྱི་འདུམ་འགྲིག་ཨུ་ལྷན་49 ཁྲོམ་གཞུང་གི་འདུམ་འགྲིག་ཨུ་ལྷན་16 ཁེ་ལས་དང་བྱ་གཞག་ཚན་པའི་འདུམ་འགྲིག་ཨུ་ལྷན་26 ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག་ཨུ་ལྷན་45 དེ་མིན་གྱི་འདུམ་འགྲིག་ཨུ་ལྷན་9བཅས་ཡོད་པ་རེད། མི་དམངས་འདུམ་འགྲིག་ལས་དོན་མཛུབ་ཁྲིད་ལྟེ་གནས་གྲོང་ཁྱེར་རིམ་པ1དང་། རྫོང(ཆུས)རིམ་པ་8 ཤང་དང་གྲོང་རྡལ(ཁྲོམ་གཞུང)རིམ་པ་65བཅས་དང་། རིམ་གསུམ་འདུམ་འགྲིག་ལྟེ་གནས། འདུམ་འགྲིག་ཚོགས་ཆུང་2521བཅས་བཙུགས་ཡོད་པ་མ་ཟད། འདུམ་འགྲིག་ཚོགས་ཆུང་རེར་རྩོད་གཞིའི་ཆ་འཕྲིན་པ་རེ་བཀོད་སྒྲིག་བྱས་ཡོད་པ་རེད།

    ཆེད་སྤྱོད་གྲོན་དངུལ་སྤྲད་ནས་སྲིད་གཞུང་གིས་ཞབས་ཞུ་ཉོ་བའི་བྱེད་ཐབས་སྤྱད་དེ། བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཅུང་ལྕི་བ་དང་འགལ་ཟླ་དང་རྩོད་གཞི་ཐོན་མང་བའི་ཤང་དང་གྲོང་རྡལ(ཁྲོམ་གཞུང)ལ་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་2བཀོད་སྒྲིག་བྱས་པ་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)གཞན་དག་ལ་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་1བཀོད་སྒྲིག་བྱས་ཡོད། གཏུག་བཤེར་མིན་པའི་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་སྔོན་ལ་ལག་ལེན་བསྟར་ནས། དོ་བདག་གིས་སྔོན་ལ་མི་དམངས་འདུམ་འགྲིག་གི་ཐབས་ལམ་ནས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། ལས་རིགས་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག་ལས་དོན་ལ་སྐུལ་འདེད་བཏང་ནས་མི་དམངས་འདུམ་འགྲིག་དང་། ཁྲིམས་འཛིན་འདུམ་འགྲིག སྲིད་འཛིན་འདུམ་འགྲིག་བཅས་ཀྱི་མཉམ་འགུལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། ཚན་པ་མང་པོ་མཉམ་དུ་ཞུགས་ཏེ་ཐབས་ལམ་མང་པོར་བརྟེན་ནས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།