ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས།
བྱེད་ཐབས་སྣ་ཚོགས་སྤྱད་དེ་ཆར་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་ལམ་སྟོན་གྱི་ལས་དོན་ཡག་པོ་སྒྲུབ་པ།
འདི་ནི་ཉེན་རྟོག་པས་འགྲིམ་འགྲུལ་ལམ་སྟོན་བྱེད་བཞིན་པ།
འདི་ནི་ཉེན་རྟོག་པས་འགྲིམ་འགྲུལ་ཁྲིམས་འགལ་རླངས་འཁོར་ཟིན་ཐོར་འགོད་བཞིན་པ།
ཉེ་དུས། ལྷ་ས་གྲོང་ཁྱེར་དུ་ཆར་པ་མང་དུ་ཕྱིན་ནས་ལམ་ངོས་འདྲེད་བརྡབ་ཤོར་སླ་བ་དང་། ལམ་ངོས་གསལ་པོ་མི་མཐོང་བ། ཕར་འགྲོ་ཚུར་འགྲོ་བྱེད་མཁན་མང་བའི་དུས་གཞུང་ལམ་འགྲིམ་འགྲུལ་གྱི་གནོན་ཤུགས་ཆེ་རུ་ཕྱིན་ཡོད། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་དང་གྲོང་མི་ཕྱིར་སྐྱོད་ཀྱི་བདེ་འཇགས་འགན་ལེན་བྱས་ནས་གནམ་གཤིས་ངན་པ་ལས་གཞུང་ལམ་འགྲིམ་འགྲུལ་ལ་ཤུགས་རྐྱེན་ངན་པ་ཉུང་དུ་གཏོང་གང་ཐུབ་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་བཀའ་འབྱོར་མ་ཐག་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ཏེ། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཚོས་དྲག་ཆར་ལ་མ་འཛེམས་པར་ལས་ཀར་ཞུགས་ནས་ཆར་དུས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད།
སྔ་སྣུར་ནས་ལས་གནས་སུ་འབྱོར་བ།
འགྲིམ་འགྲུལ་བཀོད་འདོམས་ལ་ཤུཌ་སྣོན་བརྒྱབ་པ།
ཟླ་8ཚེས་3ཉིན་གྱི་ཞོགས་པ་ཆར་པ་ཆེན་པོའི་ཁྲོད་དུ་གྲོང་མི་མི་ཉུང་བ་ཞིག་འགྲོ་འོང་བྱེད་བཞིན་འདུག གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ལམ་ལྔ་མདོ་ཁར་སླེབས་དུས་ཏག་ཏག་ལས་ཀར་འགྲོ་བའི་དུས་ཚོད་དང་འཁེལ་འདུག་པས། ལམ་མདོ་ཁར་མི་དང་རླངས་འཁོར་མང་པོ་འདུས་པའི་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་འདུག་ལ། དེ་ལས་ལས་སྒྲུབ་མི་དམངས་ཉེན་རྟོག་པར་གནོན་ཤུགས་མི་ཉུང་བ་ཞིག་སྤྲད་འདུག གྲོང་མི་བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར“ཉེ་ཆར་རྟག་པར་ཆར་པ་འབབ་ཀྱི་འདུག་པས། ཕྱི་ལ་འགྲོ་དུས་སྟབས་བདེ་པོ་མི་འདུག འོན་ཀྱང་ལམ་མདོ་ཚང་མར་འགྲིམ་འགྲུལ་ཉེན་རྟོག་པས་བཀོད་འདོམས་བྱེད་ཀྱི་ཡོད་པས། རླངས་འཁོར་བཏང་ནའང་མགྱོགས་པོ་འདུག ཆར་པ་ཆེན་པོ་འབབ་ཀྱི་ཡོད་ནའང་འགྲིམ་འགྲུལ་ཉེན་རྟོག་པས་ཆར་པའི་ཁྲོད་དུ་རླངས་འཁོར་ཤར་གཏོང་གི་ལས་འགན་ཡག་པོ་སྒྲུབ་ཀྱི་འདུག ཁོང་ཚོར་དཀའ་ལས་ཁག་སོང་ཞེས་ཤོད་འདོད་འདུག”ཅེས་བཤད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། དབྱར་དུས་ཤར་ཚུན། ལྷ་ས་གྲོང་ཁྱེར་དུ་ཆར་པ་མང་པོ་འབབ་ཀྱི་འདུག་པས་ཆར་པ་འབབ་པའི་གནམ་གཤིས་ལ་ཁ་གཏད་བཅག་ནས་གྲོང་མིའི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་ལེན་བསྟར་ནས་ཁོངས་གཏོགས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་བྱས་ཏེ། ཉེན་རྟོག་པ་ལས་གནས་སུ་སྔ་སྣུར་ནས་སྐྱོད་དགོས་པའི་བཀོད་སྒྲིག་བྱས་པ་དང་འབྲེལ་གཏན་འཇགས་ལས་སྒྲུབ་དང་སྐོར་གཡེང་ལས་རེས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་མི་སྣ་དང་རླངས་འཁོར་འགྲོ་སྐྱོད་མང་བའི་ལམ་མདོ་དང་ལམ་དུམ་དུ་ལམ་སྟོན་དང་བཀོད་འདོམས་ལ་ཤུགས་སྣོན་བརྒྱབ་ནས་རླངས་འཁོར་གོ་རིམ་ལྡན་པའི་ངང་གཏོང་བར་ཁྲིད་སྟོན་བྱས་པས། འགྲིམ་འགྲུལ་ཤར་གཏོང་ཡག་པོ་ཐུབ་ཡོད།
མངོན་མེད་རྐྱེན་ངན་གྲལ་བཤེར།
གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཡག་པོ་བཏོད་པ།
ཆར་པ་བབས་པས་གྲོང་མི་རྣམས་ཕྱིར་སྐྱོད་པར་སྟབས་མི་བདེ་བ་མ་ཟད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ལྡན་ཡོད། ཆར་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་ཆེད། ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་ཆར་པ་བབས་པ་ལས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་བཟོས་པར་དམིགས་ཏེ། ལས་འཛོལ་མང་པོ་ཐོན་སའི་ལམ་དུམ་དང་། ལམ་མདོ་གཙོ་བོ། གུག་ཆ་མང་བའི་ལམ་དུམ་སོགས་གཙོ་གནད་ལམ་དུམ་གྱི་གཞུང་ལམ་འགྲིམ་འགྲུལ་མཚོན་རྟགས་དང་འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་ལ་རིམ་བཤེར་བྱས་ནས་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་དང་མིའི་བདེ་འཇགས་འགན་ལེན་བྱས་ཡོད།
གཞན་ཡང་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ཁག་གིས་ད་དུང་ཁོངས་གཏོགས་ཁུལ་དུ་ལམ་ངོས་རྡིབ་ཡོད་མེད་དང་། ལམ་ངོས་སུ་འཁྱིལ་ཆུ་ཆེན་པོ་ཡོད་མེད། རྦབ་རྡོ་ཟགས་ནས་འགྲོ་སྐྱོད་བྱེད་པར་ཤུགས་རྐྱེན་ཐེབས་མིན་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གཙོ་གནད་གྲལ་བཤེར་བྱས་ཤིང་། གྲལ་བཤེར་ཐུབ་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་གཙང་སེལ་བྱས་པ་དང་། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་མི་ཐུབ་པའི་ལམ་དུམ་དུ་མངོན་གསལ་དོད་པའི་མཚོན་རྟགས་འཇོག་པ་དང་ཉེན་ཟོན་ཐག་པ་འཐེན་ནས་སྔ་ཙམ་གྲལ་བཤེར་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་ཐག་གཅོད་བཅས་བྱས་ཏེ་གྲོང་མི་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ཡོད།
འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན།
ཆར་དུས་སུ་རླངས་འཁོར་དལ་བུར་གཏོང་དགོས།
ཆར་དུས་སུ་ལམ་ངོས་རློན་པ་ཆགས་ནས་འདྲེད་བརྡབ་ཤོར་སླ་བ་དང་། མིག་གིས་མཐོང་ཚད་ཞན་དུ་འགྲོ་བ། ལམ་དུམ་ཁག་གཅིག་ཏུ་འཁྱིལ་ཆུ་ཡོད་པས། རླངས་འཁོར་གཏོང་སྐབས་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད། བདེ་འཇགས་ངང་ཕྱིར་སྐྱོད་པའི་གྲོང་མིའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་ཆར་དུས་ཀྱི་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་བའི་ཁྱད་ཆོས་དང་ཆོས་ཉིད་ལ་དམིགས་ནས། དྲིལ་བསྒྲགས་སྨྱན་སྦྱོར་གང་ལེགས་སྤྱད་དེ་ཆར་དུས་ཀྱི་ཕྱིར་སྐྱོད་བདེ་འཇགས་དྲིལ་བསྒྲགས་དང་དྲན་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆར་དུས་སུ་རླངས་འཁོར་གཏོང་སྐབས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ངོས་འཛིན་གང་ལེགས་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་ནུས་ལྡན་དང་ཉུང་དུ་བཏང་ཡོད། དེར་བརྟེན་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་ཀྱང་རྒྱ་ཆེའི་གྲོང་མི་ཚོར་དྲན་སྐུལ་བྱས་དོན། ཕྱིར་སྐྱོད་སྐབས་གཞུང་ལམ་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་འགུལ་ངང་བརྩི་སྲུང་ཞུ་བ་དང་འགྲིམ་འགྲུལ་གྱི་གོམས་སྲོལ་ངན་པ་དོར་ནས་ཁྲིམས་སྲོལ་སྲུང་ཞིང་གུས་ཞབས་ལྡན་པ་དང་བདེ་འཇགས་དང་ཡ་རབས་ངང་ཕྱིར་སྐྱོད་དགོས།