རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས།
སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་དང་རང་བྱུང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ།
2021ལོ་ཚུན་དུ་མི་73འཛིན་བཟུང་བྱེད་པའི་ཆོག་མཆན་སྤྲད་པ་དང་མི་194ཞུ་གཏུག་བརྒྱབ་པ།
བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཡིན་པས་སྐྱེ་ཁམས་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྡུང་རྡེག་དང་། ལྟ་སྐུལ། སྲུང་སྐྱོང་། སྔོན་འགོག་བཅས་ཀྱི་བྱེད་ཐབས་སྒོ་ཀུན་ནས་སྤྱད་དེ། “ཆེད་ལས་ཅན་གྱི་བཅའ་ཁྲིམས་ལྟ་སྐུལ+སླར་གསོ་རང་བཞིན་གྱི་ཁྲིམས་འཛིན་ལག་ལེན+སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང”བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཞིབ་དཔྱོད་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་བཙུགས་ཡོད། ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2021ལོ་ནས་བཟུང་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གྱོད་གཞི་53དང་མི་114བདག་སྤྲོད་དང་། ཞིབ་བཤེར། འཛིན་བཟུང་བཅས་ཤིང་། གྱོད་གཞི་32དང་མི་73འཛིན་བཟུང་བྱེད་པའི་ཆོག་མཆན་སྤྲད་པ་དང་། གྱོད་གཞི་18དང་མི་35འཛིན་བཟུང་བྱེད་པའི་ཆོག་མཆན་སྤྲད་མེད་པ། གྱོད་གཞི་119དང་མི་289བདག་སྤྲོད་ཞིབ་བཤེར་བྱས་ནས་ཞུ་གཏུག་བརྒྱབ་པ། གྱོད་གཞི་85དང་མི་194ཞུ་གཏུག་བརྒྱབ་པ། གྱོད་གཞི་20དང་མི་64ཞུ་གཏུག་བརྒྱབ་མེད།
ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་ལ་དབྱེ་ཞིབ་བྱས་པ།
ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་སྤེལ་ཡུལ་གཙོ་བོ་ནི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སུ་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་རིགས་ཀྱི་གྲས་སུ་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་དང་། སྲོག་ཆགས་ཀྱི་ཐོན་ཁུངས། ས་ཆའི་ཐོན་ཁུངས། གཏེར་ཁའི་ཐོན་ཁུངས། རྩི་ཤིང་གི་ཐོན་ཁུངས་སོགས་རིགས་ཆེན་པོ་ལྔ་ཡོད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་དང་པོའི་ཀྲུའུ་རེན་ཝང་ཞུས་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2021ལོ་ཚུན་གྱི་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་ལ་དབྱེ་ཞིབ་བྱས་པ་ལྟར་ན། བདག་སྤྲོད། ཞིབ་བཤེར། འཛིན་བཟུང་བཅས་བྱས་པའི་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་རིགས་གཙོ་བོ་ནི། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་དང་། ཤིང་ནགས་ལྐོག་གཅོད་ཀྱི་ཉེས་གསོག ཁྲིམས་འགལ་ངང་ཉ་རིགས་འཛིན་པའི་ཉེས་གསོག་བཅས་ཡིན་པ་དང་། བདག་སྤྲོད་དང་། ཞིབ་བཤེར། ཞུ་གཏུག་བརྒྱབ་པ་བཅས་ཀྱི་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་རིགས་གཙོ་བོ་ནི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་དང་། ཤིང་ནགས་ལྐོག་གཅོད་ཀྱི་ཉེས་གསོག ཁྲིམས་འགལ་ངང་ས་ཞིང་དང་ས་ཆ་བཟུང་སྤྱོད་ཀྱི་ཉེས་གསོག ཁྲིམས་འགལ་ངང་ཉ་རིགས་འཛིན་པའི་ཉེས་གསོག་བཅས་ཡིན་པ་རེད།
སྐྱེ་ཁམས་ཁྱབ་ཁོངས་རིགས་ཀྱི་ཉེས་གསོག་གི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་པ།
འདི་ལོ་བོད་ཀྱིས་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་ཉེས་གསོག་གི་དཔེ་མཚོན་གྱོད་དཔེ་4ཁྱབ་བསྒྲགས་བྱས་པའི་ནང་། ཚེ་ཆེ་གེ་མོ་སོགས་མི་གསུམ་པོས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་གཤམ་གསལ་ཏེ། 2020ལོའི་ཟླ་2ཚེས་20ཉིན། ཞུ་སྦྱོར་ཕྱི་མ་ཚེ་ཆེ་གེ་མོ་དང་། བྱམས་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་ཀྱིས་ཕན་ཚུན་ཁ་པར་བརྒྱབ་སྟེ་མཉམ་དུ་རི་དྭགས་རྔོན་པར་འགྲོ་རྒྱུའི་ཁ་ཆད་བྱས། དེ་ནས་ཞུ་སྦྱོར་ཕྱི་མ་གསུམ་ཀྱིས་ཚོགས་ཆུང་གཉིས་སུ་བགོས་ནས་ནགས་ཁུལ་གྱི་ཉེ་འདབས་སུ་ལྐོག་རྔོན་རྒྱག་འགོ་བརྩམས།
ཚེ་ཆེ་གེ་མོ་དང་བྱམས་ཆེ་གེ་མོ་གཉིས་ཀྱིས་ཕུ་མདའ་རེ་ཁྱེར་ནས་ནགས་ཁུལ་དུ་རྔོན་རྒྱག་པར་ཕྱིན་པ་དང་། བཀྲ་ཆེ་གེ་མོས་རང་གི་ཨ་ཕས་བཞག་པའི་མེ་མདའ་ཁྱེར་ནས་གཙང་པའི་ཁ་སྤྲོད་ཀྱི་ནགས་གསེབ་ཏུ་རྔོན་རྒྱག་པར་ཕྱིན། བཀྲ་ཆེ་གེ་མོས་གཙོད་དམར་པོ་གཅིག་བརྔོན་པ་དང་ཚེ་ཆེ་གེ་མོས་སྔ་རྗེས་སུ་ཟེར་མོ་7བརྔོན་པ་རེད། བྱམས་ཆེ་གེ་མོས་སྔ་རྗེས་སུ་ཚེ་ཆེ་གེ་མོ་དང་མཉམ་དུ་རྔོན་ཐེངས་ཁ་ཤས་བརྒྱབ་ཀྱང་གང་ཡང་རྔོན་ཐུབ་མེད།
ངལ་གསོ་རྒྱག་སར་ཇ་བསྐོལ་ནས་ཚེ་ཆེ་གེ་མོ་དང་བཀྲ་ཆེ་གེ་མོ་གཉིས་བསྒུགས་ནས་བསྡད། མི་གསུམ་པོ་རླངས་འཁོར་འཇོག་སའི་ངལ་གསོ་སར་འཛོམས་རྗེས། གཙོད་དམར་པོ་དང་ཟེར་མོ་བགོ་བཤའ་བརྒྱབ་པ་དང་གནས་གོང་ཆེན་པོ་མེད་པའི་པགས་པ་སོགས་འགྱིག་ཕད་ནང་བླུགས་པ་རེད། རླངས་འཁོར་བཏང་སྟེ་རྫོང་གྲོང་དུ་ལོག་པའི་ལམ་བར་དུ་ཚེ་ཆེ་གེ་མོས་གཙོད་ཀྱི་པགས་པ་དང་ནང་ཁྲོལ་གཞན་དག་གཙང་པོར་གཡུགས་པ་དང་། བཀྲ་ཆེ་གེ་མོས་རང་གི་མེ་མདའ་དང་རྔོན་དངོས་ཁྱེར་ནས་ཁྱིམ་དུ་ལོག བྱམས་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་རླངས་འཁོར་བཏང་ནས་མཐའ་མཚམས་མངགས་གཏོང་ཁང་ཞིབ་བཤེར་ས་ཚིགས་བརྒྱུད་སྐབས། མཐའ་མཚམས་མངགས་གཏོང་ཁང་གི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་རྩད་ཆོད་པ་མ་ཟད། རླངས་འཁོར་ནང་ཡོད་པའི་མེ་མདའ་དང་མདེའུ་དང་རྔོན་དངོས་རྣམས་རང་སར་གཞུང་བཞེས་བཏང་བ་དང་། དུས་མཚུངས་མི་དམངས་ཉེན་རྟོག་པས་ད་དུང་ཚེ་ཆེ་གེ་མོའི་འགྱིག་ཕད་ནས་ལྷུ་བསྒྲིགས་མེད་པའི་མེ་མདའ་གཅིག་རྩད་ཆོད་པ་རེད།
ཡུན་ནན་སྟོངས་ཉེའི་སྲོག་ཆགས་ཚན་རིག་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཀྱིས་གསལ་འབྱེད་བྱས་པ་བརྒྱུད། རྔོན་བརྒྱབ་པའི་གཙོད་དམར་པོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་དང་ཟེར་མོ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་རེད།
རྫ་ཡུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱིས་ཚེ་ཆེ་གེ་མོ་དང་། བྱམས་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་ཞུ་སྦྱོར་ཕྱི་མ་གསུམ་པོ་བཟུང་ནས་2020ལོའི་ཟླ་4ཚེས་24ཉིན་ཁྲིམས་ལ་སྦྱོར་རྒྱུར་རྩིས་སྤྲད་པ་རེད།
རྫ་ཡུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མར་འདྲི་རྩད་བྱས་པ་དང་གྱོད་གཞིའི་དཔྱད་གཞི་ཚང་མར་ཞིབ་བཤེར་བྱས་པ་རེད།
2020ལོའི་ཟླ་5ཚེས་21ཉིན་རྫ་ཡུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཚེ་ཆེ་གེ་མོ་དང་། བྱམས་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་ཀྱིས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་བརྔོན་པའི་ཉེས་གསོག་གཞུང་གཏུག་བརྒྱབ་པར་ཁྲིམས་ཁང་གི་རྒྱབ་སྐྱོར་ཐོབ་པ་རེད།