དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་རིའི་ཉེན་རྟོག་ཕྱོགས་ཀྱིས།

    སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཉེ་ཆར། ལྷ་རི་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ་སྟེ། གླ་བའི་རོ་6དང་། གླ་རྩི་4 གྱོད་གཞི་རྩོམ་པའི་ལག་ཆ་400ལྷག་ཙམ་རྩད་ཆོད་པ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་2སྔ་རྗེས་སུ་བཟུང་བ་རེད།

    ཟླ་6ཚེས་30ཉིན་གྱི་ཆུ་ཚོད་21ཙམ་ལ། རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་ནགས་སྲུང་བས། རི་དྭགས་རྔོན་པའི་དོགས་གཞི་ཡོད་པའི་མི་ཞིག་འདུག་པས་བརྟག་དཔྱད་བྱེད་རོགས་ཞེས་ཉེན་བརྡའི་ཁ་པར་འབྱོར། ཁ་པར་འབྱོར་རྗེས། རུ་ཆེན་དེས་འཕྲལ་མར་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ས་ཡུལ་དངོས་སུ་བསྐྱོད་པས། གླ་བའི་རོ་འགའ་ཞིག་དང་ལྕགས་སྐུད་མང་པོ་རྙེད་པ་མ་ཟད། ས་ཆ་དེ་རང་ནས་དོགས་གཞི་ཡོད་པའི་བུ་ཆེ་གེ་མོ་བཟུང་བ་རེད། འདྲི་རྩད་བྱས་པ་བརྒྱུད། བུ་ཆེ་གེ་མོས་རོགས་པ་རྒྱ་ཆེ་གེ་མོ་དང་མཉམ་དུ་ཉེས་པ་བསགས་པའི་བརྒྱུད་རིམ་ཇི་མ་ཇི་བཞིན་བཤད་པ་དང་། ཟླ་7ཚེས་7ཉིན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་རྒྱ་ཆེ་གེ་མོ་བཟུང་བ་དང་། མིག་སྔར་གྱོད་གཞི་དེ་སྔར་བས་སྒྲུབ་བཞིན་ཡོད་པ་རེད།

    ཉེན་རྟོག་པས་དྲན་སྐུལ་བྱས་དོན། རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་པ་དང་། གསོད་པ། ཉོ་ཚོང་། ལྐོག་འདྲེན་བཅས་བྱེད་པ་ནི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཁོངས་སུ་གཏོགས་པས། ས་མཐོའི་སྐྱེ་ཁམས་ཁོར་ཡུག་དང་མིའི་རིགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད། རྒྱ་ཆེའི་མང་ཚོགས་ཚོས་རི་སྐྱེས་སྲོག་ཆགས་རྔོན་པ་དང་། གསོད་པ། ཉོ་ཚོང་། ལྐོག་འདྲེན་བཅས་བྱ་མི་རུང་། གལ་ཏེ་འབྲེལ་ཡོད་ཀྱི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ། འཕྲལ་མར་ཉེན་རྟོག་པར་ཁ་པར་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།