དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་དམངས་ལ་བྱ་བ་དངོས་བསྒྲུབས་པ།

    —— བཅའ་ཁྲིམས་རོགས་སྐྱོར་ཁྲིམས་རྩོད་པ་ཧོང་ལེ་ཧྲེང་གིས་ཉིང་ཁྲིར་བཅངས་པའི་བརྩེ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    2023ལོའི་ཟླ་གསུམ་པར་ཏུང་ཀོན་ནས་ཡིན་པའི་ཁྲིམས་རྩོད་པ་ཧོང་ལེ་ཧྲེང་ཕ་ཡུལ་དང་ཁ་བྲལ་ནས་ཉིང་ཁྲིར་ཐེངས་གཉིས་པ་ཡོང་སྟེ་བཅའ་ཁྲིམས་རོགས་སྐྱོར་གྱི་དང་བླངས་ཞབས་འདེགས་མུ་མཐུད་ཞུས་ཤིང་། ལོ་2ཙམ་རོགས་སྐྱོར་བྱེད་རིང་ཧོང་ལེ་ཧྲེང་གིས་བཅའ་ཁྲིམས་བློ་འདྲི་དང་། གཏུག་བཤེར་ལས་ཚབ། བཅའ་ཁྲིམས་ཁྱབ་གདལ་གཏོང་བ་བཅས་ཀྱི་ལས་དོན་ཏན་ཏིག་སྒྲུབ་ཞིང་ཉིང་ཁྲིར་བརྩེ་དུང་ཟབ་མོ་ཆགས་ཡོད།

    བཅའ་ཁྲིམས་རོགས་སྐྱོར་ཁྲིམས་རྩོད་པའི་ལས་འགན་གཙོ་བོ་ནི་བཅའ་ཁྲིམས་བློ་འདྲི་དང་གཏུག་བཤེར་ལས་ཚབ་བྱ་རྒྱུ་དེ་ཡིན། ད་ལྟའི་བར་དུ་ཧོང་ལེ་ཧྲེང་ལ་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་དོན་30ལྷག་ཙམ་འབྱོར་ཞིང་། ནན་ཏན་དང་འགན་འཁུར་བ་ནི་ཁོང་གིས་རྒྱུན་གཏན་ནས་འཛིན་པའི་ལས་ཀའི་རྣམ་འགྱུར་ཡིན། གྱོད་གཞི་སྒྲུབ་རིམ་བཞིན་ཁོང་གིས་སེམས་ནུས་ཡོད་རྒུས་དོན་དངོས་དང་བཅའ་ཁྲིམས་ཀྱི་འབྲེལ་བ་གསེད་བཀྲོལ་བྱས་ཏེ་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་གང་ཐུབ་བྱེད་ཀྱི་ཡོད།

    ཇི་ལྟར་བྱས་ཏེ་བོད་སྐྱོར་གྱི་ནུས་པ་དེ་བས་ལེགས་པར་འདོན་ཐུབ་བམ། ཧོང་ལེ་ཧྲེང་གིས་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ་ནི་ཆེས་ནུས་ལྡན་གྱི་ཐབས་ལམ་ཞིག་ཡིན་པའི་ངོས་འཛིན་བྱས་ཤིང་། དེར་བརྟེན་ཁོང་གིས་འཕྲལ་མར་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་ལ་གཞོལ་ཏེ། དུས་ཚོད་ཡོད་མ་ཐག་སློབ་གྲྭ་དང་། སྡེ་ཁུལ། ལས་ཁུངས། གྲོང་གསེབ་བཅས་སུ་བསྐྱོད་དེ་ཁྲིམས་ལུགས་ཁྱབ་གདལ་གཏོང་གི་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་དུས་ཧོང་ལེ་ཧྲེང་གིས་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གཏོང་རིང་། ཁོང་གིས་འཚོ་བའི་གྱོད་དཔེ་དྲངས་པ་དང་། པར་གཞིའི་ནང་གི་བཅའ་ཁྲིམས་ཤེས་བྱར་བརྟེན་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སློབ་མ་ཚོར་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་སྲུང་སྐྱོང་བྱེད་པའི་གལ་འགངས་རང་བཞིན་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། སློབ་མ་ཕན་ཚུན་དབར་སྤེལ་རེས་བྱེད་དུ་བཅུག་ནས་སྤྲོ་སྣང་བག་ཕེབས་ཀྱི་ཁོར་ཡུག་ཁྲོད་སློབ་གྲྭའི་གཏུམ་སྤྱོད་དང་བརྙས་བཅོས་ལ་ངོ་རྒོལ་ཇི་ལྟར་བྱེད་དགོས་ལུགས་ཀྱང་བསླབས་ཡོད།

    མིག་ཡུད་ཙམ་ཞིག་ལ་ཝང་ལེ་ཧྲེང་ཉིང་ཁྲིར་སླེབས་ནས་ལོ་2ཙམ་འགྲོ་གི་ཡོད། ཁོང་གིས་རང་ཉིད་2021ལོའི་ཟླ་བདུན་པར་ཏུང་ཀོན་ནས་ཉིང་ཁྲིར་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་འདེགས་ཞུ་བར་ཡོང་རྗེས་ཉིང་ཁྲིར་བརྩེ་དུང་ཟབ་མོ་ཆགས། དེ་གའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་བབ་ཆགས་པའི་མི་སེར་ཚང་མ་རང་ཉིད་ཀྱི་འཕྲེང་སེམས་འཆང་ཡུལ་དུ་གྱུར། དེར་བརྟེན་འདི་ལོ་ཁོང་གིས་མ་སྐུལ་དང་བླངས་ངང་ཉིང་ཁྲིར་སྐྱོད་པའི་རེ་ཞུ་ཕུལ་ཏེ་ས་ཆར་འདི་རུ་རང་ཉིད་ཀྱི་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་འདེགས་མུ་མཐུད་ཞུ་བཞིན་ཡོད།

    རོགས་སྐྱོར་ཐེངས་གཉིས་བྱེད་རིང་། ཧོང་ལེ་ཧྲེང་གིས་རང་ཉིད་ཀྱི་ལྷག་བསམ་དང་། འཇོན་ཐང་། བརྩེ་བ་བཅས་ལ་བརྟེན་ནས་ཉིང་ཁྲིའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་དབང་འཕྲོག་པར་བྱས་ཡོད། ཧོང་ལེ་ཧྲེང་གིས་བཅའ་ཁྲིམས་རོགས་སྐྱོར་བྱ་ཡུལ་གྱིས་ཡིད་ཆེས་བརྟན་པོ་དང་བརྩེ་བ་ཟོལ་མེད་བཅངས་པ་ནི་ཁོང་ལས་ཀ་བྱེད་སྐབས་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན་པས། ཉིང་ཁྲིའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱ་བ་དངོས་བསྒྲུབ་རྒྱུ་ནི་རང་ཉིད་གྲོང་ཁྱེར་དེར་གནས་པའི་རིན་ཐང་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།