དམངས་ལ་དཀའ་ངལ་ཡོད་ཚེ་ང་ཚོས་རོགས་རམ་བྱེད་ངེས་ཡིན།
2023ལོའི་ཟླ་6ཚེས་28ཉིན་གྱི་ཆུ་ཚོད་20ཙམ་ལ། མེ་ཏོག་རྫོང་སྤྱི་བདེ་ཅུས་གཉིས་བཀུར་ལམ་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ“ཡུལ་སྐོར་བ་ཞིག་གི་ཐོབ་ཐང་ལག་ཁྱེར་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རྫོང་གྲོང་སྤྱི་གླིང་གི་པད་མའི་ཆུ་རྫིང་ནང་ལྷུང་འདུག་པས་ཉེན་རྟོག་པ་མངགས་རོགས”ཞེས་བཀོད་འདོམས་ལྟེ་གནས་ཀྱི་ཉེན་རྟོག་པའི་ཁ་པར་འབྱོར།
ཉེན་བརྡའི་ཁ་པར་འབྱོར་རྗེས་ཉེན་དོན་ས་ཚིགས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པས་འཕྲལ་མར་ས་ཡུལ་དངོས་སུ་བསྐྱོད་དེ། གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་རྗེས་ལས་རོགས་ཉེན་རྟོག་པ་ཐང་མིན་གྱིས་རང་འགུལ་ངང་ཆུ་རྫིང་དུ་འཛུལ་ནས་ཡུལ་སྐོར་བའི་ཐོབ་ཐང་ལག་ཁྱེར་འཚོལ་རོགས་བྱས་པ་རེད།
མང་ཚོགས་ཀྱི་བྱ་བ་ཡིན་ཕྱིན་དོན་ཆུང་ཞིག་རྩ་བ་ནས་མིན། མི་དམངས་ཉེན་རྟོག་པ་ཚོས་ཐོབ་ཐང་ལག་ཁྱེར་ཆུར་ལྷུང་བའི་ཡུལ་སྐོར་བར་སེམས་གསོ་གཏོང་ཞོར་དུ། ཐང་མིན་ལ་གཞོགས་འདེགས་གང་ཐུབ་བྱས། ཆུ་ཚོད་གཅིག་ལྷག་ཙམ་འབད་འཐབ་བཙལ་འཚོལ་བྱས་མཐར་ཆུ་རྫིང་ནང་ལྷུང་བའི་ཐོབ་ཐང་ལག་ཁྱེར་གཞི་ནས་རྙེད་ཐུབ་པ་རེད།
“མེ་ཏོག་རྫོང་གི་ཉེན་རྟོག་བློ་མཐུན་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ཐོབ་ཐང་ལག་ཁྱེར་སླར་ལག་ཏུ་རག་པའི་ཡུལ་སྐོར་བས་སེམས་འགུལ་ཐེབས་བཞིན་བཤད།