བོད་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས།
མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང“རུལ་ སུངས་ཙག་ཙིག”ལ་བཅོས་སྒྲིག་གཏིང་ཟབ་བྱས་པ།
སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་བྱེད་དགོས་པའི་ནན་བཤད་བྱས་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་གཏུག་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་དམ་པོར་དམིགས་ཏེ། ཏང་ཀྲུང་དབྱང་གི་དམངས་ཕན་དང་། དམངས་ཕྱུག དམངས་བདེ་བཅས་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལག་བསྟར་དོན་འཁྱོལ་ཡག་པོ་མ་བྱུང་བའི་རིགས་དུས་ཐོག་ཏུ་དག་ཐེར་བྱེད་རྒྱུར་ལྟ་སྐུལ་བྱས་ནས། གནས་པའི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་དང་ཡོ་བསྲང་བྱས་ཡོད། ཟླ་5པའི་ཟླ་མཇུག་བར་འབྲེལ་ཡོད་གནད་དོན་ཁག་70ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་185ལ་སྐྱོན་བརྗོད་སློབ་གསོའི་རོགས་རམ་དང་ཐག་གཅོད་བྱས་པའི་ཁྲོད་མི་64ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་པ་རེད།
“ཐོན་ལས་དར་རྒྱས་ཡོང་བ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྨང་གཞི་ཡིན་པས་ངེས་པར་དུ་ཐོན་ལས་རྣམ་གྲངས་ཀྱི་མ་དངུལ་དང་རྒྱུ་ནོར་དོ་དམ་དང་། གཉེར་སྐྱོང་སྲུང་སྐྱོང་། ཕན་འབྲས་འདོན་སྤེལ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། ‘ལྟ་སྐུལ་བྱེད་དགོས་སར་བསྐྱར་དུ་ལྟ་སྐུལ’ཏན་ཏིག་དང་ཞིབ་ཚགས་བྱེད་དགོས” ཟླ་7པའི་ཟླ་འགོར། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོས་རུ་སྣེ་ཁྲིད་དེ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་ཤང་དུ་བསྐྱོད་ནས་གྲོང་གསེབ་དར་རྒྱས་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་དང་འབྲེལ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་འགན་འཁྲི་ཇི་ལྟར་སྒྲུབ་པ་དང་མང་ཚོགས་ཀྱི་ཁེ་ཕན་ཇི་ལྟར་སྲུང་སྐྱོང་བྱ་རྒྱུའི་ཐད་བླང་བྱ་ཡང་བཏོན་པ་རེད། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་དུས་ཐོག་ཏུ་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལག་བསྟར་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ལ་བཟོ་བཅོས་བརྒྱབ་ནས་བཀྲམ་པ་དང“ལྟ་སྐུལ་བྱེད་དགོས་རིགས་20”ཡི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་བའི་ཞིང་འབྲེལ་མ་འཇོག་རྣམ་གྲངས་ལ་ལྟ་སྐུལ་བྱ་རྒྱུར་དམ་འཛིན་བྱས་ནས། “གཱ་གཅིག་ཀུན་འཐུས”དོ་དམ་བེད་སྤྱོད་ཚད་ལྡན་མེད་པ་དང་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྤྲོད་ཚད་གནད་ལ་མི་འཁེལ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་2100ལྷག་ཙམ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། མི་15ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་པ་རེད།
ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱིས་ཅི་ཞིག་ལ་ངོ་རྒོལ་བྱེད་པ་དེར་དོགས་ཟོན་དང་ཡོ་བསྲང་མཐའ་གཅིག་ཏུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། སློབ་གསོ་སྨན་བཅོས་དང་། རྒན་གསོ་སྤྱི་ཚོགས་འགན་བཅོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཡོ་བསྲང་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཤང་ཞིག་གི་དེ་སྔའི་ཏང་ཨུད་ཀྱི་ཨུ་ཡོན་མི་དམངས་དྲག་ཆས་པུའི་པུའུ་ཀྲང་ཝང་ཆེ་གེ་མོས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་འབྲེལ་ཡོད་མི་སྣར་ས་ཞིང་གི་གན་རྒྱ་འཇོག་རོགས་བྱས་པ་དང་། གྲོང་ཚོའི་བྱ་དེ་གསོ་ཚགས་མཉམ་ལས་ཁང་གི་མ་དངུལ་དང་རྡོ་བཙོངས་པའི་དངུལ་སོགས་ཁྲིམས་འགལ་ངང་བདག་བཟུང་བྱས། 2022ལོའི་ཟླ་6པར་ཝང་ཆེ་གེ་མོར་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་ཀྱི་ཆད་པ་བཅད་པ་དང་། དེའི་ཁྲིམས་འགལ་ཉེས་གསོག་གི་དོགས་ཡོད་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་ཤང་ཞིག་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཆེ་གེ་མོས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བྱེད་རིང་ངོ་སྤྲོད་ཡི་གེ་བཟོ་བ་དང་འགྲོ་སོང་རྩིས་ཞུའི་ཡིག་ཆ་རྫུན་མ་མཁོ་འདོན་བྱས་པ་བརྒྱུད། ཤང་སྲིད་གཞུང་ནོར་དོན་ཁང་ནས་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཆེད་དངུལ་སྒོར་ཁྲི་24.4བཏོན་ཏེ་འགྲོ་སོང་རྩིས་ཞུ་དང་རྩིས་ཁྲ་ཁ་འཐབ་བྱས་པ་རེད། 2023ལོའི་ཟླ་གཉིས་པར་ཀྲོའུ་ཆེ་གེ་མོར་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་དོན་གྱི་རིམ་པ་ཕབ་པའི་ཆད་པ་བཅད་པ་རེད། གཞི་རིམ་གྱི་ལྟ་སྐུལ་སྟོབས་ཤུགས་ཞན་པ་དང་དེ་བཞིན་ས་ཁོངས་ཆུང་བ་དང་ངོ་སོ་ཆེ་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་ལྟ་སྐུལ་དང་བཅོས་སྒྲིག་བྱེད་པའི་ནུས་པ་ཞན་པ་དང་ཕན་འབྲས་ཡག་པོ་མེད་པའི་གནས་ཚུལ་དངོས་ལ་དམིགས་ཏེ། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“སྒྲིག་ཨུད་ཀྱི་འགོ་ཁྲིད+ལྟ་ཞིབ་ཁང་དང་ས་གནས”ཀྱི་ཡུག་ཁུལ་གྱི་མཐུན་སྦྱོར་ལམ་སྲོལ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ་རྫོང་དང་ཆུས་ཁག་གི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཁང་དང་། ཤང་དང་གྲོང་རྡལ་ཁག་གི་སྒྲིག་ཨུད་ལྟ་ཞིབ་ཁང་། ཡུག་ཁུལ་མཉམ་ལས་ཚོགས་ཆུང་བཅས་ཀྱི་འགན་འཁྲི་དང་ངེས་གནས་དབྱེ་འབྱེད་ནན་པོ་བྱས་པ་དང་། “རྫོང་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་སྤྱི་འདོམས་ངང་ཤང་དང་གྲོང་ཚོར་སྐུལ་མ་གཏོང་བའི”ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། “སྐོར་ཞིབ+ཡུག་ཁུལ་མཉམ་ལས”དང་ཡུག་ཁུལ་གྱི་མཐུན་སྦྱོར་ལྟ་སྐུལ་དང་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་བྱས་ནས། ལྟ་སྐུལ་གཞི་རིམ་དུ་ཁྱབ་པ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་སྣུར་སྲིང་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།