དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མངགས་སྐྱེལ་ཟ་ཁང་ལ་ཐོལ་བཤེར་བྱས་པ།

    གནད་དོན་ཡོད་པའི་མངགས་སྐྱེལ་ཟ་ཁང་ལ་དུས་བཀག་ལྟར་དག་ཐེར་དང་ཚོང་རྒྱག་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08

    ཁྲིམས་སྒྱུར་བས་མངགས་སྐྱེལ་ཟ་ཁང“གྲོང་བྱང་མའོ་ཏ་ཆང་རྒྱ་ཁོག་སྨོག་ཚལ”ལ་ཞིབ་བཤེར་བྱེད་བཞིན་པ།

    ད་ཆ་དྲ་ཐོག་ནས་ཁ་ལག་སྟབས་བདེ་པོས་མངགས་ཆོག་པས་མི་མི་ཉུང་བ་ཞིག་གི་རྒྱུན་གཏན་གྱི་གདམ་གར་གྱུར་ཡོད། མངགས་སྐྱེལ་ལས་སྟེགས་ལ་དངོས་གཞིའི་ཟ་ཁང་ཡོད་པ་ཕུད། ད་དུང་ཚོང་པ་མི་ཉུང་བ་ཞིག་ནི་མངགས་སྐྱེལ་ཁ་ལག་ཆེད་མངགས་མཁོ་འདོན་བྱེད་མཁན་ཡིན་པ་དང་ཟ་ཁང་དེ་དག་མང་ཆེ་བ་སྲང་ལམ་ཆུང་ཆུང་དུ་ཡོད། མངགས་སྐྱེལ་བཟའ་བཅའི་བདེ་འཇགས་འཕྲོད་བསྟེན་གྱི་གནད་དོན་ལ་མི་མང་ཆེ་བས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས། ཉེ་ཆར། ཚོང་འཕྲིན་ཚགས་པར་དུ་ཀློག་པ་པོའི་ཐེར་འདོན་འབྱོར་བར་གཞིགས་ན། ཞོལ་གྲོང་གསར་ཉེ་འགྲམ་གྱི་མངགས་སྐྱེལ་ཟ་ཁང་ཞིག་གི་གཙང་སྦྲ་འཕྲོད་བསྟེན་ལ“བཙོག་ཟིང་ཞན་གསུམ”གྱི་གནད་དོན་ཡོད་པ་རེད། དེས་ན་ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་བས་ཟ་ཁང་དེར་ཐོལ་བཤེར་བྱས་པ་དང་། འདི་ག་ཚགས་པར་གྱི་གསར་འགོད་པས་ཀྱང་ཁྲིམས་སྒྱུར་བ་དང་མཉམ་དུ་ས་གནས་ས་ཐོག་ཏུ་བཅར་འདྲིར་བསྐྱོད་པ་ཡིན།

    གྲོང་བྱང་ཙོ་སི་ཁྲུའེ་སི་ཁྲོན་བྲོ་བའི་ཟ་ཁང་།

    གསར་འགོད་པས་མོས་ཚོགས་མངགས་སྐྱེལ་ལས་སྟེགས་ནས་ཟ་ཁང་དེའི་ཟླ་རེའི་ཕྱིར་ཚོང་400+ཟིན་པ་དང་། དཔྱད་བསྡུར་སྐར་གྲངས་ཀྱང་4.8རག་ཡོད་པ་མཐོང་། མངགས་སྐྱེལ་ཟ་ཁང་དེ་ཞོལ་གྲོང་གསར་ཉེ་འགྲམ་གྱི་སྲང་ལམ་ཞིག་ཏུ་ཡོད་པ་དང་གཙོ་བོ་སྨོག་ཚལ་སོགས་བཟོ་ཡི་ཡོད། ཁྲིམས་སྒྱུར་བས་དང་ཐོག་མངགས་སྐྱེལ་ཟ་ཁང་དེའི་ལས་གཉེར་ལག་ཁྱེར་དང་ལས་མིའི་བདེ་ཐང་ལག་ཁྱེར་ལ་ཞིབ་བཤེར་བྱས་པས་ཟ་ཁང་དེར་བཟའ་བཏུང་ཐོ་འགོད་ལག་ཁྱེར་ཙམ་ལས་བཟའ་བཅའ་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་མེད་པ་ཤེས།

    ལས་གཉེར་ལག་ཁྱེར་གྱི་མིང་ལ“གྲོང་བྱང་ཙོ་སི་ཁྲུའེ་སི་ཁྲོན་བྲོ་བའི་ཟ་ཁང”ཞེས་པའི་མངགས་ཉོའི་ཟ་ཁང་དེའི་སྤྱི་ཡོངས་ཀྱི་འཕྲོད་བསྟེན་ལ“བཙོག་ཟིང་ཞན་གསུམ”གྱི་གནད་དོན་ཡོད་པ་དང་། ཟ་ཁང་གི་སྒོ་ཡར་འཛུལ་སར་ཟས་རིགས་འཇོག་སའི་མཛོད་ཁང་ཡིན་པ་དང་། དེར་ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ་དང་། ཐུམ་སྒྲིལ་ཤོག་སྒམ། རྒྱུ་ཆ་སོགས་རང་གར་སྤུངས་ཡོད་པ་རེད།

    གཞན་ཡང་ཟ་ཁང་དེའི་ལས་མིར་ལས་ཀ་བྱེད་དུས་ལས་ཞྭ་དང་ཁ་རས་སོགས་མེད། ཁྲིམས་སྒྱུར་བས་སྨན་སྣ་སོགས་བཟའ་བཅའི་ཚོང་ཟོག་ཉོས་པའི་རྩིས་ཐོ་དང་འབྲེལ་ཡོད་ཞིབ་བཤེར་སྙན་སེང་ལ་ལྟ་དགོས་པའི་བླང་བྱ་འདོན་སྐབས། ཟ་ཁང་དེའི་ལས་གཉེར་བར་འབྲེལ་ཡོད་དཔང་རྟགས་མེད་པ་རེད།

    དེས་ན་ཁྲིམས་སྒྱུར་བས་འཕྲལ་མར་ཟ་ཁང་དེ་ཚོང་རྒྱག་མཚམས་འཇོག་ཏུ་བཅུག་པ་མ་ཟད། དྲ་ཐོག་ཟ་ཁང་ཡང་སྒོ་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། ཤེས་རྟོགས་བྱུང་བའི་གནད་དོན་ལ་རེ་རེ་བཞིན་དག་ཐེར་ཡོ་བསྲང་བྱེད་དགོས་པའི་བཀའ་རྒྱ་བཏང་བ་དང་། ཟ་ཁང་དེས་དུས་ཐོག་ཏུ་བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་གཉེར་ནས་བཟའ་བཅའི་མ་བཅོས་རྒྱུ་ཆའི་ཞིབ་དཔྱད་སྙན་སེང་དང་། དཔང་རྟགས། སྤ་སེ་བཅས་བསྡུ་རུབ་བྱེད་པ་དང་། འཁྱག་སྒམ་སོགས་ལ་གཙང་སྦྲ་ཡག་པོ་བྱེད་པ། མཛོད་ཁང་དང་ཚོང་ཟོག་རྩག་རྩིག་འཇོག་ས་ལོགས་སུ་བཟོ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    གྲོང་བྱང་མའོ་ཏ་ཆང་རྒྱ་ཁོག་སྨོག་ཚལ།

    ཟ་ཁང་དེ་ཕུད་སྲང་ལམ་དུ་ད་དུང་མངགས་སྐྱེལ་ཟ་ཁང་ཁ་ཤས་ཡོད་པར་ཁྲིམས་སྒྱུར་བས་སྐབས་བསྟུན་ཟུར་བཤེར་བྱས་པ་རེད། མིང་ལ་གྲོང་བྱང་མའོ་ཏ་ཆང་རྒྱ་ཁོག་སྨོག་ཚལ་ཞེས་པའི་མངགས་སྐྱེལ་ཟ་ཁང་གི་བཟའ་བཅའི་རྒྱུ་ཆ་སོས་པ་མིན་པ་དང་། བཟའ་བཅའི་རྒྱུ་ཆའི་ཐུམ་སྒྲིལ་གང་བྱུང་དུ་བཞག་པ། འཁྱག་སྒམ་ནང་གི་བཟའ་བཅའི་རྒྱུ་ཆར་ཁེབས་བརྒྱབ་མེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས།

    ཉིན་དེའི་ཞིབ་བཤེར་བྱེད་རིང་། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མངགས་སྐྱེལ་ཟ་ཁང་གཉིས་ལ་དག་ཐེར་བྱེད་དགོས་པའི་་བཀའ་རྒྱ་བཏང་བ་དང་། ཚོང་གནས་སྐབས་རྒྱག་མཚམས་འཇོག་དགོས་པ་དང་དྲ་ཐོག་ཟ་ཁང་སྒོ་རྒྱག་དགོས་པའི་བླང་བྱ་བཏོན་པ་དང་སྦྲགས། འབྲེལ་ཡོད་འགན་འཁུར་བར་སྐོང་འདྲི་བྱས་པ་རེད།

    འདིར་ཡང་རྒྱ་ཆེའི་གྲོང་མི་མང་ཚོགས་རྣམས་ལ་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་དང་དེ་བཞིན་འཛད་སྤྱོད་རྩོད་གཞི་འཕྲད་སྐབས། 12315ལ་ཁ་པར་བརྒྱབ་ནས་ཁེ་དབང་སྲུང་སྐྱོང་བྱ་ཆོག་ལ། རྒྱ་ཆེའི་གྲོང་མི་མང་ཚོགས་ཚོས“བོད་ལྗོངས་ཚོང་འཕྲིན”གྱི་སྐད་འཕྲིན་སྤྱི་རྟགས་དང་། ཁྱུག་དབྱིངས་ཨང་རྟགས། བརྙན་ལམ་ཨང་རྟགས་བཅས་དང་ཡང་ན་འདི་ག་ཚགས་པར་ཁང་གི་ཐད་སྦྲེལ་ཁ་པར་0891-6970000ལ་ཁ་པར་བརྒྱབ་ནས་འབྲེལ་ཡོད་བཟའ་བཅའི་བདེ་འཇགས་ཀྱི་ཁུངས་སྣེ་མཁོ་འདོན་ཧུར་ཐག་བྱས་ཏེ། ཁྲིམས་འགལ་ཚོང་པར་ཁྲིམས་འགལ་བྱེད་སྤྱོད་སྤེལ་བའི་གོ་སྐབས་མེད་པར་བཟོས་ནས། མི་ཚང་མས་བཟའ་བཅའི་བདེ་འཇགས་ལ་མཉམ་དུ་དོ་ཁུར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་ཤ་ཚའི་དྲན་སྐུལ་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།