དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གཞིས་རྩེའི་ཉེན་རྟོག་ཕྱོགས་ཀྱིས་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ།

    འདི་ལོའི་ལོ་སྟོད་དུ་ཉེས་གསོག་དོགས་ཅན་38བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    “རི་སྐྱེས་སྲོག་ཆགས་ནི་སའི་གོ་ལའི་ཚེ་སྲོག་ཡོད་དོ་ཅོག་དང་རང་བྱུང་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཁོ་ཚོའི་འཚོ་གནས་དང་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་འབྲེལ་བ་དམ་ཟབ་ཡོད” ཡུན་རིང་ཚུན་དུ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་བཟའ་བཅའ་དང་། སྨན་རྫས། ཁོར་ཡུག ཤེས་བྱའི་བདག་དབང་། ནགས་ཚལ་བཅས་འགན་ནུས་སྡེ་ཚན་གྱི་ནུས་པ་ལེགས་པར་བཏོན་པ་དང་བཟའ་བཅའ་དང་། སྨན་རྫས། ཁོར་ཡུག ཤེས་བྱའི་བདག་དབང་། ནགས་ཚལ་བཅས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་བཏང་ཞིང་། 2023ལོའི་ལོ་སྟོད་དུ། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ལ་གནོད་འཚེ་བཏང་བའི་འབྲེལ་ཡོད་གྱོད་གཞི་ཁག་9མྱུལ་ཞིབ་བྱས་ཏེ། ཉེས་གསོག་དོགས་ཅན་38བཟུང་བ་དང་། གླ་རྩི་སྟོང་ཁེ་37དང་། དོམ་མཁྲིས་སྟོང་ཁེ་1.59 དབྱར་རྩྭ་དགུན་འབུ་སྟོང་ཁེ་11.16 རྐྱང་གི་ཕོ་མཚན་1 གཙོད་ཀྱི་མགོ་1 གླ་རྩི་རྐང་3 རྒྱ་རྙི་4བཅས་གཞུང་བཞེས་བཏང་བ་རེད།

    འདི་ནི་གཞིས་རྩེའི་ནགས་ཚལ་ཉེན་རྟོག་པས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

    ཉེས་གསོག་དོགས་ཅན་4དང་ཁྲིམས་འགལ་ཉོ་སྒྲུབ་བྱེད་མཁན་3བཟུང་བ།

    2023ལོའི་ཟླ་3ཚེས་13ཉིན། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་རི་ནང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ“ཁོངས་གཏོགས་ཁུལ་གྱི་གྲོང་མི་ཉི་ཆེ་གེ་མོ་དང་མིག་ཆེ་གེ་མོ་གཉིས་ཀྱིས་ཁྲིམས་ལས་འགལ་ནས་རི་སྐྱེས་སྲོག་ཆགས་བརྔོན་པའི”ཁུངས་སྣེ་ཞིག་མཁོ་འདོན་བྱས་པ་རེད། ཁུངས་སྣེ་འབྱོར་རྗེས། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་པ་དང་འབྲེལ། རྒྱལ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྔོན་ལ་གཞོགས་འདེགས་བྱེད་པར་གདན་དྲངས་ཏེ་ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཉི་ཆེ་གེ་མོ་དང་། མིག་ཆེ་གེ་མོ། ལྷག་ཆེ་གེ་མོ། ཚེ་ཆེ་གེ་མོ་བཅས་ཀྱིས་2020ལོ་ནས་2023ལོའི་བར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རི་ནང་ཤང་དང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དང་གྲ་ནང་རྫོང་སོགས་སུ་རི་དྭགས་རྔོན་བྱེད་ཀྱི་རྒྱ་རྙི་བཙུགས་ནས། ཁྲིམས་ལས་འགལ་ནས་རྒྱལ་ཁབ་ཀྱི་རྩ་ཆེའི་སྲོག་ཆགས་གླ་བ་6བརྔོན་པ་དང་གླ་རྩི་5བཀོག་པ་མ་ཟད། གླ་རྩི་དེ་དག་རིན་གོང་སྣ་ཚོགས་ལ་བཙོངས་པའི་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

    གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་4དང་ཁྲིམས་འགལ་ངང་ཉོ་སྒྲུབ་བྱེད་མཁན་3བཟུང་བ་དང་། གླ་རྩི་3དང་། གླ་བའི་མཇུག་ཏོ་1 རྒྱ་རྙི་4བཅས་གཞུང་བཞེས་བཏང་བ་རེད། མིག་སྔར་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།

    གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་60ཟིན་པ་དང་ཉེས་གསོག་དོགས་ཅན་4བཟུང་བ།

    2022ལོའི་ཟླ་3ཚེས་24ཉིན། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་མངགས་གཏོང་ཁང་ལ། མི་འགའ་རེས་བསམ་གྲུབ་རྩེ་ཆུས་ཆེ་ལྷ་ལམ་དུ་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་རྐྱང་གི་ཕོ་མཚན་ཉོ་ཚོང་བྱེད་རྩིས་འདུག་ཅེས་པའི་ཁུངས་སྣེ་ཞིག་འབྱོར། ཁུངས་སྣེ་འབྱོར་རྗེས་བསམ་གྲུབ་རྩེ་ཆུས་སྒང་སྟོད་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ཕུན་ཆེ་གེ་མོ་ས་ཆ་དེ་གར་བཟུང་བ་རེད།

    གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་2022ལོའི་ཟླ་3ཚེས་24ཉིན་གྱོད་དོན་ཐོ་བཀོད་ནས་མྱུལ་ཞིབ་བྱས་ཤིང་། མྱུལ་ཞིབ་པས་ངམ་རིང་དང་། མངའ་རིས། ལྷ་ས། ཁྲེང་ཏུའུ་བཅས་སུ་དུས་ཡུན་ཟླ་གཅིག་ལྷག་ཙམ་བརྟག་དཔྱད་དང་དཔང་རྟགས་འཚོལ་བསྡུ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོར་2022ལོའི་ཟླ་2པའི་ཡས་མས་ལ་ཁོ་པ་སྡོད་སའི་ཉེ་འགྲམ་ནས་སྤྱང་གིས་བསད་པའི་རྐྱང་ཞིག་རྙེད་པ་དང་། དེ་འཕྲལ་རྐྱང་དེའི་རོའི་སྟེང་ནས་ཕོ་མཚན་བཀོག་རྗེས། 2022ལོའི་ཟླ་3པའི་ཟླ་འགོར་སྒོར་2300ལ་རྒྱལ་ཆེ་གེ་མོར་བཙོངས་པ་དང་། ཉེས་གསོག་དོགས་ཅན་རྒྱལ་ཆེ་གེ་མོས་སླར་ཡང་སྒོར་2500ལ་ཉེས་གསོག་དོགས་ཅན་རྒྱལ་ཆེ་གེ་མོར་བཙོངས་པ་རེད། དེ་རྗེས་ཉེས་གསོག་དོགས་ཅན་རྒྱལ་ཆེ་གེ་མོས་སླར་ཡང་སྒོར་3400ལ་ཉེས་གསོག་དོགས་ཅན་ཕུན་ཆེ་གེ་མོར་བཙོངས། 2022ལོའི་ཟླ་3ཚེས་24ཉིན་ཕུན་ཆེ་གེ་མོས་གཞིས་རྩེ་གྲོང་ཁུལ་དུ་ཁྱེར་ནས་འཚོང་རྩིས་བྱེད་སྐབས་སྒང་སྟོད་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོ་པ་བཟུང་བ་རེད། ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོ་དང་། རྒྱལ་ཆེ་གེ་མོ། རྒྱལ་ཆེ་གེ་མོ། ཕུན་ཆེ་གེ་མོ་བཅས་ཀྱིས་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

    གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་4བཟུང་བ་དང་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་རྐྱང་གི་ཕོ་མཚན་1གཞུང་བཞེས་བཏང་བའི་དངུལ་འབོར་སྒོར་ཁྲི་60ཟིན་གྱི་ཡོད། 2023ལོའི་ཟླ་3ཚེས་24ཉིན་ཉེས་གསོག་དོགས་ཅན་བཞི་པོ་དངོས་སུ་ཁྲིམས་ལ་སྦྱར་བ་རེད།

    ཉེས་དོན་ལ་རྡུང་རྡེག་གཏོང་བའི་འགན་ནུས་བཏོན་ནས་ཉེས་གསོག་དོགས་ཅན་38བཟུང་བ།

    2023ལོར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཉེས་དོན་ལ་རྡུང་རྡེག་གཏོང་བའི་འགན་ནུས་གང་ལེགས་བཏོན་པ་དང་སྲིད་འཛིན་སྡེ་ཚན་དང་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱས་ནས། ཟས་ལ་དམིགས་ནས་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཉེས་གསོག་བྱེད་སྤྱོད་དེ་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བ་དང་། ཁྲིམས་ལས་འགལ་ནས་རྔོན་རྒྱག་པ། ཁྲིམས་ལས་འགལ་ནས་བཟུང་བ་སོགས་ལ་རྡུང་རྡེག་ཚ་ནན་བཏང་བ་རེད། ཁུངས་སྣེའི་ཡོང་ཁུངས་རྒྱ་ཁྱབ་གཏོད་པ་དང་གཅིག་སྡུད་གྱོད་སྒྲུབ་ལ་འགག་སྒྲོལ་བྱས་ནས་ལྷུ་ཚིགས་ཚང་མ་དང་། རྒྱུ་རྐྱེན་ཚང་མ། འཁོར་འབྲེལ་ཧྲིལ་པོས་གྱོད་གཞི་ཆེན་པོ་དང་གལ་ཆེན་ཁག་གཅིག་ལ་མྱུལ་ཞིབ་ཐག་གཅོད་དང་ཉེས་གསོག་འཁོར་འབྲེལ་ཁག་གཅིག་རྩ་མེད་དུ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་ཕུན་ཚོགས་རྣམ་རྒྱལ་གྱིས་2023ལོའི་ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ལ་གནོད་འཚེ་བཏང་བའི་འབྲེལ་ཡོད་གྱོད་གཞི་ཁག་9ལ་མྱུལ་ཞིབ་བྱས་ཏེ། ཉེས་གསོག་དོགས་ཅན་38བཟུང་བ་དང་། གླ་རྩི་སྟོང་ཁེ་37དང་། དོམ་མཁྲིས་སྟོང་ཁེ་1.59 དབྱར་རྩྭ་དགུན་འབུ་སྟོང་ཁེ་11.16 རྐྱང་གི་ཕོ་མཚན་1 གཙོད་ཀྱི་མགོ་1 གླ་རྩི་རྐང་3 རྒྱ་རྙི་4བཅས་གཞུང་བཞེས་བཏང་བ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    དེ་དང་ཆབས་ཅིག གསར་འགོད་པར་ཤེས་རྟོགས་བྱུང་བར། 2023ལོའི་ལོ་སྟོད་དུ། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་དང་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་མཐའ་འཁྱོངས་བྱས་པ་དང་། དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་སྐབས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བ་སོགས་བྱེད་སྟངས་སྣ་མང་བརྒྱུད་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་པ་རེད། རིམ་རྩིས་བརྒྱབ་ན། ཉེན་རྟོག་པ་མི་ཐེངས་93བཏང་བ་དང་དྲིལ་བསྒྲགས་དཔྱད་གཞི་སྣ་ཚོགས་9250ལྷག་ཙམ་སྤྲད་པར་མང་ཚོགས་ཁྲི་1ལྷག་ཙམ་ལ་སློབ་གསོ་ཐེབས་ནས། སྤྱི་ཚོགས་ཡོངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།