དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཕུགས་འདུན་སེམས་སུ་བཅངས་ནས་ལང་ཚོའི་གཟི་འོད་ངོམས།

    —— “དུས་རབས་གསར་པའི་ལྕགས་ལམ་བའི་མིག་དཔེ”བསོད་ནམས་དབང་གྲགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    འདི་ནི་ལས་ཀར་དབྱིངས་ཞུགས་པའི་བསོད་ནམས་དབང་གྲགས་ཡིན་པ།

    བསོད་ནམས་དབང་གྲགས་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སིའི་གོར་མོ་འཕྲུལ་དོན་དུམ་བུའི་བཀོལ་སྤྱོད་འཁོར་ཁང་དང་པོའི་མཛུབ་ཁྲིད་ཁ་ལོ་བ་ཡིན་པ་དང་། 2007ལོར་མཚོ་བོད་ལྕགས་ལམ་ཀུང་སིར་ལས་ཀར་ཞུགས་པ་ནས་ད་བར་གྱི་ལོ་16ནང་ཁོང་གིས་སྔ་རྗེས་སུ་DFདང་། NJ2 HXN3 HXD1ཅན་གྱི་མེ་འཁོར་དང“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་བཏང་ནས་མཚོ་བོད་ལྕགས་ལམ་དང་དེ་བཞིན་ལྷ་གཞིས་དང་ལྷ་ཉིང་ལྕགས་ལམ་ཐོག་བསྐྱོད་དེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སིའི“སྔོན་ཐོན་ཐོན་སྐྱེད་པ”དང“གང་ལྗོངས་ས་མཐོའི་གདོང་ལེན་ཁ་ལོ་བ”དང་། མཚོ་སྔོན་ཞིང་ཆེན་གྱི“ལས་གནས་ཐོག་གི་གཞོན་ནུ་འཇོན་ཐང་ཅན”རྒྱལ་ཡོངས་ལྕགས་ལམ་སྡེ་ཚོགས་ཨུ་ལྷན་གྱི“ཉི་ཧུང་རྣམ་པའི་གཞོན་ནུ”དང“ལམ་དུམ་ཧྲིལ་པོའི་ལག་རྩལ་ཆེ་མོ་བ”སོགས་ཀྱི་མཚན་སྙན་མང་པོ་ཐོབ་ནས་ས་མཐོའི་ལྕགས་ལམ་གྱི་གཞོན་ནུའི་མིག་དཔེར་གྱུར་ཡོད།

    ལོ་ན་ཆུང་དུས་ནས་ཕུགས་འདུན་འགྲུབ་པའི་ས་བོན་བཏབ།

    1987ལོར་བསོད་ནམས་དབང་གྲགས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་ཞིང་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། སློབ་གྲྭར་སླེབས་མ་ཐག་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། ཁོང་གིས་སློབ་ཁང་ནང་དགེ་རྒན་1དང་སློབ་ཕྲུག་10ལས་མེད་པ་དང་། སློབ་ཁང་ཡང་གྲོང་མིའི་བེད་མེད་ཀྱི་ཁང་པ་སྟོང་པ་ཞིག་གཡར་བ། ནག་པང་ནི་པང་ལེབ་ཆུང་ཆུང་ཞིག་ལ་ཁོག་མའི་ཀྲེ་ནག་བྱུགས་པ་ཞིག་ཡིན་པའི་ཁར་སློབ་ཚན་འཚོག་སྐབས་སྒྲོག་ཙེ་དང་རྐུབ་བཀྱག་མེད་པས་ཕྲུ་གུ་བཅུ་པོས་རྒན་ལགས་ལ་བསྐོར་ནས་ལྕང་མའི་ཡལ་གས་ས་མཐིལ་ཐོག་ཡི་གེ་འབྲི་ཡི་ཡོད་པ་གསལ་པོར་དྲན་གྱི་ཡོད།

    ཉིན་ཞིག་ལོ་7ལ་སླེབས་པའི་བསོད་ནམས་དབང་གྲགས་ཀྱིས་སློབ་དེབ་ནས་ཚོན་ཁྲ་ཅན་གྱི་མེ་འཁོར་གྱི་པར་རིས་ཤིག་མཐོང་མ་ཐག་དགའ་སྤྲོ་ཆེན་པོ་སྐྱེས། སློབ་གྲྭ་གྲོལ་རྗེས་ཁྱིམ་དུ་ལོག་ནས་པཱ་ལགས་དང་གཅེན་པོ་གཅེན་མོར་མེ་འཁོར་གྱི་པར་རིས་དེ་བསྟན། སྐབས་དེ་དུས་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་གྲོང་མི་རྣམས་ཀྱིས་མེ་འཁོར་དེ་ཙམ་ཧ་གོ་ཡི་མེད།

    “ཆེན་པོ་ཆགས་རྗེས་མེ་འཁོར་གཏོང་འདོད་ཡོད་ཚེ་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་རྫོང་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་དེ་ནས་ལྕགས་ལམ་སློབ་གྲྭ་ཞིག་ཏུ་རྒྱུགས་འཕྲོད་ཐུབ་པ་བྱེད་དགོས”དགེ་རྒན་གྱིས་བཤད་པའི་སྐད་ཆ་དེ་བྱིས་པ་དེའི་སེམས་ཀྱི་བློ་སྒོ་རྦད་དེ་ཕྱེ་བ་དང་། དུས་དེ་ནས་བཟུང་ཁོང་གིས་སློབ་སྦྱོང་ལ་དཀའ་སྤྱད་འབད་བརྩོན་དང་། ཐ་ན་རྩྭ་ཐང་ཐོག་ཕྱུགས་འཚོ་བ་དང་ཞིང་ནང་དུ་ཞིང་ལས་བྱེད་པར་སྐྱོད་སྐབས་ཀྱང་ཨ་མས་བཙེམས་པའི་དཔེ་ཁུག་ཁྲ་ཁྲ་དེའི་ནང་རང་གིས་དགའ་ཤོས་བྱེད་པའི་སློབ་དེབ་བླུགས་ཀྱི་ཡོད།

    2000ལོར་བསོད་ནམས་དབང་གྲགས་རྫོང་སློབ་འབྲིང་དུ་ཚུད་པ་དང་ལོ་གསུམ་སོང་རྗེས་ལན་ཀྲོའུ་ལྕགས་ལམ་འཕྲུལ་ཆས་སློབ་གྲྭའི་ནང་འབར་མེ་འཁོར་གྱི་ཆེད་ལས་ལ་རྒྱུགས་འཕྲོད།

    2003ལོའི་ཟླ་9པར་ལོ་16ལ་སླེབས་པའི་བསོད་ནམས་དབང་གྲགས་ལན་ཀྲོའུ་རུ་སློབ་སྦྱོང་ལ་བསྐྱོད། གྲོང་ཚོ་ནས་གོར་མོ་བར་སྤྱི་ལེ་2500ལྷག་ཙམ་གྱི་ལམ་ཐག་བརྒྱུད་དགོས་སྟབས་ལམ་བར་དུ་ཉིན་དྲུག་ཏག་ཏག་འགོར་ཡོད། འོན་ཀྱང་གོར་མོ་བབས་ཚུགས་ནས་རྨི་ལམ་ནང་དུ་ཡང་སྡོད་འདོད་ཆེ་བའི་མེ་འཁོར་ནང་འཛུལ་སྐབས་སེམས་འགུལ་ཆེན་པོ་ཐེབས་པའི་བསོད་ནམས་དབང་གྲགས་ཀྱི་ལམ་བར་གྱི་ངལ་དུབ་དེ་མ་ཉིད་དུ་ཡལ། མྱུར་ཚད་རླངས་འཁོར་ལས་མངོན་གསལ་དོད་པོས་མགྱོགས་ཀྱང་ཡོམ་ཡོམ་སྤུ་ཙམ་ཡང་མེད་པས་ཁོ་པ་རྦད་དེ་ཧ་ལས་ཧང་སངས། དེ་ནི་འགྲན་ཟླ་བྲལ་བའི་མྱོང་ཚོར་ཞིག་ཡིན་ལ་དེ་ལས་ཁོང་མེ་འཁོར་ཁ་ལོ་བ་ཞིག་བྱེད་འདོད་ཀྱི་བློ་སེམས་ཀྱང་ཆེས་ཆེར་རྒྱས།

    “ང་སླད་ཕྱིན་ངེས་པར་དུ་མེ་འཁོར་གཏོང་མཁན་ཞིག་བྱས་ཏེ་ཕ་མ་དང་། དགེ་རྒན། སློབ་གྲོགས་བཅས་ངས་བཏང་བའི་མེ་འཁོར་ནང་སྡོད་ཐུབ་པ་བྱེད་རྒྱུ་ཡིན”བསོད་ནམས་དབང་གྲགས་ཀྱི་སེམས་ནང་དེ་ལྟར་ཆོད་སེམས་ཤིག་བཞག

    ལོ་4ཡི་རྗེས་ཁོང་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་ལན་ཀྲོའུ་ལྕགས་ལམ་འཕྲུལ་ཆས་སློབ་གྲྭ་ནས་ཐོན་པ་དང་ལོ་4ཡི་ནང་ཁོང་ཕ་ཡུལ་དུ་ཐེངས་གཅིག་ལས་ལོག་མྱོང་མེད།

    མེ་འཁོར་གྱི་ཁ་ལོ་ཡག་པོ་བཅུས་ནས་ཕུགས་འདུན་དང་མཉམ་དུ་རྒྱང་རིང་གི་ཕྱོགས་སུ་སྐྱོད།

    དུས་ཚོད་ནི་ཆུ་མོའི་རྒྱུན་བཞིན་བཞུར་འགྲོ། 2007ལོའི་ཟླ་8པར་བསོད་ནམས་དབང་གྲགས་མཚོ་བོད་ཚོགས་པ་ཀུང་སིའི་གོར་མོ་འཕྲུལ་དོན་དུམ་བུར་ལས་བགོས་བརྒྱབ་ནས་མེ་འཁོར་གྱི་འགྲུལ་ཞབས་པའི་ལྟ་སྦྱོང་སློབ་མ་ཞིག་ཏུ་གྱུར། ཡུན་རིང་རེ་སྒུག་བྱས་པའི་མེ་འཁོར་གྱི་གཅུས་སྒོར་རེག་སྐབས། ཁོང་གིས་ཐེངས་དང་པོར་དེའི་གལ་ཆེ་ཆུང་ཚོར་ཡོད་ལ“ལག་ལེན་དངོས་ནི་ཤོག་བུའི་ཐོག་དང་བསྡུར་ཐབས་མེད་པའི”སྙིང་པོ་ངོ་མ་ཚོར་ཐུབ་ཡོད།

    “འགྲུལ་པའི་ཚེ་སྲོག་གི་བདེ་འཇགས་ཐམས་ཅད་ལས་ཀྱང་ལྷག ངས་ཁྱེད་ལ་སློབ་སྦྱོང་ཧུར་ཐག་བྱས་ནས་ཆ་རྐྱེན་སྣ་ཚོགས་འོག་གི་མེ་འཁོར་གཏོང་བའི་ལག་རྩལ་སྔ་ཙམ་ཁོང་དུ་ཆུད་པར་བྱས་ཏེ་འགྲུལ་པ་ཚང་མ་བདེ་འཇགས་ངང་ཁྱིམ་དུ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བསོད་ནམས་དབང་གྲགས་ཀྱིས་རྒན་ལགས་ལ་བཤད།

    མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་ས་བབ་མཐོ་བ་དང་མཐོ་གྲང་གསོ་རླུང་དཀོན་པའི་འཛམ་གླིང་ཡང་རྩེར་གནས་པ་དང་། ལམ་ཐིག་དེ་སྤྱི་ལེ་960ལྷག་ཙམ་གྱི་འཁྱགས་སའི་བང་རིམ་བརྒྱུད་དགོས་པ། གྱེན་ལམ་རིང་ཤོས་20‰ཟིན་པ་དེ་དག་ནི་མེ་འཁོར་གཏོང་མཁན་གྱི་ངོས་ནས་བརྗོད་ན་ཚོད་བགམ་ནན་པོ་ཞིག་རེད། ས་བབ་མཐོ་བའི་ས་ཁུལ་དུ་མེ་འཁོར་གཏོང་བའི་ལག་རྩལ་དང་སྐྱོན་སེལ་བའི་ལག་རྩལ་མགྱོགས་མྱུར་ཁོང་དུ་ཆུད་པ་བྱ་ཆེད། མེ་འཁོར་ལ་སྐྱོན་ཐོན་ཚེ་ངལ་གསོ་འཁེལ་ཡང་བསོད་ནམས་དབང་གྲགས་ཀྱིས་བཟོ་སྟངས་སློབ་སྦྱོང་བྱེད་པར་ཡོང་གི་ཡོད་ལ། རྒྱུན་དུ་ལས་གོས་ཀྱི་ཁུག་མའི་ནང་དེབ་ཆུང་ཆུང་ཞིག་བླུགས་ཀྱི་ཡོད། དེའི་ནང་ལག་རྩལ་གྱི་དཀའ་གནད་དང་དོགས་གཞི་རེ་རེ་ཟིན་ཐོར་བཀོད་ཡོད་ལ་ཁོམ་པ་བྱུང་རིམ་བཞིན་དེ་བལྟས་ནས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད།

    “བསོད་ནམས་དབང་གྲགས་སློབ་སྦྱོང་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད། ག་དུས་ཡིན་ཡང་དེབ་ཆུང་ཞིག་འཁྱེར་བ་དང་། ཐ་ན་ཁ་ལག་ཟ་སྐབས་ཀྱང་དེབ་དེར་བལྟས་ནས་སྡོད་ཀྱི་འདུག”ཅེས་ལས་གྲོགས་ཚོས་ཁོང་ལ་གདེང་འཇོག་དེ་ལྟར་བྱེད་ཀྱི་ཡོད།

    ལོ་5ཡི་རིང་སྦྱོང་བརྡར་བྱས་པ་བརྒྱུད། བསོད་ནམས་དབང་གྲགས་མེ་འཁོར་གཏོང་མཁན་ཁ་ལོ་བ་གཞོན་པ་དང་ཁ་ལོ་བའི་དཔྱད་ཞིབ་ནན་པོའི་ཁྲོད་གྲུབ་འབྲས་ཐོན་ཏེ་བོད་རིགས་མེ་འཁོར་གཏོང་མཁན་ཁ་ལོ་བ་ཞིག་ཏུ་གྱུར་ནས་ཉིན་མཚན་ཀུན་ཏུ་གངས་ལྗོངས་ས་མཐོར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད།

    ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་དུ་ལང་ཚོའི་གཟི་འོད་ངོམས།

    2019ལོར་ལྷ་ཉིང་ལྕགས་ལམ་གྱིས“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་གྱི་ཁ་ལོ་བ་ཡོངས་བསྒྲགས་ངང་འདེམས་པའི་ཆ་འཕྲིན་ཐོས་རྗེས། བསོད་ནམས་དབང་གྲགས་དགའ་ཚོར་ཆེན་པོ་སྐྱེས་ནས་མཚན་གང་གཉིད་ཁུག་མེད། མིང་ཐོ་འགོད་པ་དང་། གདམ་གསེས། དཔྱད་ཞིབ། ཡིག་རྒྱུགས་གཏོང་བ་བཅས་བརྒྱུད་ཁོང“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་གྱི་ཁ་ལོ་བའི་གསོ་སྦྱོང་དཔུང་ཁག་ནང་ཚུད། ལོ་གཅིག་ལྷག་ཙམ་གྱི་གསོ་སྦྱོང་ནང་ཁོང་གིས་དཔེ་དེབ་དང་ཁ་མ་བྲལ་བར་གཞུང་ལུགས་ཀྱི་དཀའ་གནད་རེ་རེར་བསམ་གཞིགས་ཡང་ཡང་བྱས་་པ་དང་། བཀོད་སྤྱོད་བྱེད་སྟངས་རེ་རེ་བཞིན་སྦྱོང་བ། དགེ་རྒན་གྱིས་དམར་ཁྲིད་བྱེད་པའི་སྐྱོན་སེལ་སྟངས་རེ་རེ་བཞིན་ལ་ཁོང་གིས་བརྙན་ཕབ་བྱས་ནས་ཉལ་ཁང་དུ་ལོག་རྗེས་ཡང་ཡང་ལྟ་བ་དང་སྦྱོང་གི་ཡོད།

    ལོ་གཅིག་ལྷག་ཙམ་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད། བསོད་ནམས་དབང་གྲགས་ལ་“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་གཏོང་ཆོག་པའི་ལག་ཁྱེར་རག་པ་དང་། 2021ལོའི་ཟླ་5ཚེས་1ཉིན་ཁོང་གདམ་བྱའི་འོས་མི་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཏེ་ལྷ་ཉིང་ལྕགས་ལམ་གྱི་ཁ་ལོ་བ་དང་པོའི་གྲས་སུ་གྱུར།

    “ས་མཐོའི‘བསྐྱར་དར་རྟགས་ཅན’ཐེངས་དང་པོར་གཏོང་མཁན་ཁ་ལོ་བ་ཞིག་ཡིན་པ་ལས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ལོ་ཁ་ཤས་སོང་རྗེས་ངའི་ཕ་ཡུལ་ཆབ་མདོར་ཡང་མེ་འཁོར་ཤར་གཏོང་ཐུབ་ཀྱི་རེད། ངས་མུ་མཐུད་འབད་བརྩོན་བྱས་ནས་སླད་ཕྱིན་ངེས་པར་དུ་མེ་འཁོར་བཏང་ནས་ཕ་ཡུལ་དུ་ལོག་གི་ཡིན”ཞེས་བསོད་ནམས་དབང་གྲགས་ཀྱིས་སེམས་འགུལ་ཐེབས་བཞིན་བཤད།

    2021ལོའི་ཟླ་5པར་བསོད་ནམས་དབང་གྲགས་གོར་མོ་འཕྲུལ་ལས་ཚན་པའི་བཀོལ་སྤྱོད་འཁོར་ཁང་གི་མཛུབ་ཁྲིད་ཁ་ལོ་བ་ཞིག་ཏུ་གྱུར། ལོ་དེའི་ཟླ་9པར་ཁོང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཁོང་གིས་རང་ཉིད་ཀྱི་དམ་འཇོག་འདྲ་པར་ཁ་པར་ནས་ཆབ་མདོར་ཡོད་པའི་ཨ་མར་བསྐུར་བ་དང་ཨ་མས་པར་སློག་བརྒྱབ་ནས་གྱང་ལ་སྦྱར་ཏེ་མི་ཡོང་རིམ་བཞིན་ལ་བསྟན་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།

    “ལས་གནས་ཐོག་སྐར་མ་གཅིག་ཞུགས་ཚེ་སྐར་ཆ་དྲུག་ཅུ་འགན་འཁུར་དགོས་པའི”ཁ་ལོ་བའི་འདུ་ཤེས་འཛིན་ཞིང་། བསོད་ནམས་དབང་གྲགས་ཀྱིས་ལོ་16གི་ཉིན་5750ཡི་རིང་སྒྲིག་འགལ་དང་འགན་འཛོལ་གཅིག་ཀྱང་ཐོན་མྱོང་མེད་པའི་མི་སྒེར་གྱི་བདེ་འཇགས་ཟིན་ཐོ་རྒྱུན་འཁྱོངས་བྱས་ནས། བདེ་འཇགས་ངང་མེ་འཁོར་སྤྱི་ལེ་ཁྲི་64བཏང་བ་དང་བདེ་འཇགས་ངང་མེ་འཁོར་ཐེངས་2589བཏང་བའི་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་བཏོད་དེ་ཉེ་འགྲམ་གྱི་ན་གཞོན་ཁ་ལོ་བ་ཚོའི་སློབ་སྦྱོང་བྱེད་པའི་མིག་དཔེར་གྱུར།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།