ཡ་རབས་ལྡན་པའི་འགྲུལ་སྐྱོད་ནི། རང་གཞན་ཀུན་གྱི་བདེ་འཇགས་ཡིན།
——ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་དབྱར་དུས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།
འགྲོ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱི་དབྱར་དུས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་བླང་བྱ་ལྟར། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་དབྱར་དུས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་བ་རེད།
ཆང་བཏུངས་ནས་རླངས་འཁོར་གཏོང་བར་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།
ཆང་བཏུངས་ནས་རླངས་འཁོར་བཏང་བ་དང་ར་བཟི་ནས་རླངས་འཁོར་བཏང་བའི་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་བ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ། མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་འགན་ལེན་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་ཀྱི་མཚན་མོའི་བདེ་འཇགས་སྐོར་ཞིབ་དྲིལ་བསྒྲགས་དང་སྔོན་འགོག་གཅིག་སྡུད་གཅིག་གྱུར་བྱ་སྤྱོད་ཀྱི་བཀོད་སྒྲིག་ལྟར་ལྗོངས་ཡོངས་ཀྱི་དབྱར་དུས་འགྲིམ་འགྲུལ་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་ཟུང་འབྲེལ་གྱིས་གྲོང་ཁྱེར་ཡོངས་སུ་མཚན་མོ་ཆང་བཏུངས་ནས་རླངས་འཁོར་གཏོང་བར་གཅིག་གྱུར་ཞིབ་བཤེར་བྱེད་པའི་བྱ་སྤྱོད་སྤེལ་ནས་ལས་འཛོལ་སྔོན་འགོག་དང་། བདེ་འཇགས་འགན་ལེན། ཤར་གཏོང་འགན་ལེན་བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་རེད།
ཉེ་ཆར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར(རྫོང་དང་ཆུས་བདུན་ཚུད་པ)ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་སྒྲིག་འཛུགས་བྱས་ཏེ། མཚན་མོར་ཞིབ་བཤེར་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས་གྲོང་ཁྱེར་ཡོངས་སུ་ཉེན་རྟོག་པ་མི་ཐེངས་210ལྷག་ཙམ་དང་ཉེན་རྟོག་པའི་རླངས་འཁོར་ཐེངས་47མངགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་ལམ་མདོ་དང་ལམ་དུམ་གཙོ་བོ་ཁག་ཏུ་ཞིབ་བཤེར་ས་ཚིགས་38བཙུགས་ནས་མཚན་བཤེར་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད། ཆང་བཏུངས་ནས་རླངས་འཁོར་གཏོང་བ་དང་འབྲེལ་བ་ཡོད་པའི་བྱེད་སྤྱོད་ཁྱོན་10དང་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་གཞན་དག་65ཞིབ་བཤེར་ཐག་གཅོད་ཐུབ་པ་དང་། ཁ་ལོ་བ་470ལྷག་ཙམ་ལ་སྐྱོན་བརྗོད་སློབ་གསོ་བཏང་བ་རེད།
“རླངས་འཁོར་ནག་པོ”ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།
“ང་རང་བོད་དུ་ཡུལ་སྐོར་ལ་ཡོང་ཐེངས་དང་པོ་ཡིན། གནམ་ཐང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ནས་བབས་མ་ཐག་འགྲིམ་འགྲུལ་མི་དམངས་ཉེན་རྟོག་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱི་ལས་དོན་མི་སྣས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་སྒོ་འགྲམ་དུ་འགྲོ་འོང་བྱེད་མཁན་འཁོར་རིགས་ལ་ཞིབ་བཤེར་ནན་པོ་བྱེད་པ་མཐོང་བྱུང་། སྐད་ཆ་དྲིས་རྗེས་གཞི་ནས“རླངས་འཁོར་ནག་པོ”ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་གྱི་ཡོད་པ་ཤེས་བྱུང་། དེ་དུས་སེམས་ལ་ཧ་ཅང་བློ་བདེ་པོ་བྱུང་། ད་དུང་ལྷ་སར་ཡུལ་སྐོར་བྱེད་རིང་ང་ཚོ་ནང་མི་ཚོས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་གི་ཡིན། “རླངས་འཁོར་ནག་པོ”ལ་རྩ་བ་ནས་སྡོདཀྱི་མིན་ཞེས་ཡུལ་སྐོར་བ་ཨ་ཅག་ཝང་གིས་བཤད།
འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྲིག་ལམ་ཚད་ལྡན་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་འགན་ལེན། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་སྒྱུར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་བླང་བྱ་དང་ཟུང་འབྲེལ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་ཉིང་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཆེན་དང་མཉམ་དུ་ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སར་ཁྲིམས་ལས་འགལ་ཏེ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ལ་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་བ་རེད།
གོམ་སྟབས་རྗེས་མར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་མཉམ་དུ་མུ་མཐུད་ཆེད་དོན་བཅོས་སྒྲིག་བྱས་ཏེ། གཙོ་གནད་ལམ་དུམ་དང་། གཙོ་གནད་ས་ཁོངས། གཙོ་གནད་དུས་མཚམས་བཅས་སུ་མང་ཚོགས་ཀྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་བཟོ་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། མི་དམངས་མང་ཚོགས་ལ་ཕྱིར་སྐྱོད་ཀྱི་ཁོར་ཡུག་བཟང་པོ་གཏོད་ཀྱི་ཡོད།
འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱ་སྤྱོད་སྤེལ་བ།
“ལས་འཛོལ་ཐོན་ཚད་ཉུང་གཏོང་དང་འགྲིམ་འགྲུལ་ལས་འཛོལ་ཆེན་པོར་ཚོད་འཛིན་བྱེད་པའི”ལས་དོན་གྱི་བླང་བྱ་ཏན་ཏིག་སྒྲུབ་པ་དང་། རྒྱ་ཆེའི་མང་ཚོགས་དང་ཁ་ལོ་བའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། འགྲིམ་འགྲུལ་ལས་འཛོལ་མ་ཐོན་སྔོན་འགོག་ནུས་ལྡན་དང་ཉུང་དུ་གཏོང་བ། དབྱར་དུས་ཀྱི་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་གཞིས་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་ཟས་ཕུ་གྲོང་ཚོར“ཁྲིམས་སྲོལ་བློ་ལ་བརྟན་པོར་ངེས། ཚེ་སྲོག་ལ་ནི་གཅེས་པར་བྱ”བརྗོད་དོན་གཙོ་བོར་བྱས་པའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
དྲིལ་བསྒྲགས་བྱེད་མཁན་མི་དམངས་ཉེན་རྟོག་པས་སྦག་སྦག་གི་རྨོག་ཞྭ་མི་གྱོན་པ་དང་། ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་བ། འགྲུལ་པ་ཚད་ལས་བརྒལ་ནས་བླུག་པ། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། མྱུར་ཚད་ལས་བརྒལ་བ། ཐོ་ཕྲུག་ལ་མི་བླུག་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེ་དང་མཇུག་འབྲས་གཙོ་གནད་གསལ་འགྲེལ་བྱས་པ་རེད། དེ་དང་ཆབས་ཅིག་རྒྱ་ཆེའི་མང་ཚོགས་ལ་རྒྱུན་གཏན་གྱི་འགྲིམ་འགྲུལ་འཚོ་བའི་ནང་འགྲིམ་འགྲུལ་གྱི་གོམས་སྲོལ་ངན་པ་སྣ་ཚོགས་དོར་ནས་འགྲོ་སྐྱོད་ཀྱི་གོམས་གཤིས་བཟང་པོ་རང་རྟོགས་ངང་འཇགས་པར་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
ད་ཐེངས་ཀྱི་དྲིལ་བསྒྲགས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་ཤུགས་སྔར་བས་རྒྱ་ཆེར་བཏང་བས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ངེས་ཅན་ཕྱིན་ནས་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད། གོམ་སྟབས་རྗེས་མར་ལྷ་གཞིས་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རྒྱུན་མཐུད་སྤེལ་ནས། ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་བཏང་སྟེ་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་གི་ཡོད་པ་རེད།