དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཡུལ་སྐོར་ལས་རིགས་ཀྱི་དྲན་སྐུལ་བསླབ་འདོམས་ཡི་གེ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    འདི་ནི་ཁྲིམས་ར་ལྟ་འདོམས་སྡེ་ཚན་གྱི་ཁྲིམས་སྒྱུར་བས་ཡུལ་སྐོར་ཁྲོམ་རའི་ཚོང་ཟོག་གི་རིན་གོང་ཁ་གསལ་འགོད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

    ཡུལ་སྐོར་ཁྲོམ་རའི་རིན་གོང་སྔར་བས་ཚད་ལྡན་དུ་གཏོང་བའི་བྱ་སྤྱོད་སྤེལ་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཡུལ་སྐོར་ལས་རིགས་ཁག་དང་དེ་བཞིན་འབྲེལ་ཡོད་ལས་རིགས་གཉེར་སྐྱོང་མཁན་ལ་དམིགས་ནས་དྲན་སྐུལ་གྱི་བསླབ་སྡོམ་ཡི་གེ་ཁྱབ་བསྒྲགས་བྱས་པ་རེད།

    བསླབ་འདོམས་ཡི་གེའི་ནང་། ཚོང་གཉེར་མཁན་ཁག་གིས་དྲ་ཐོག་དང་དྲ་ཕྱི་ནས་ཡུལ་སྐོར་ལམ་ཐིག་ཐོན་རྫས་ཀྱི་རིན་གོང་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲཌ་བྱེད་སྐབས་ངེས་པར་དུ་དྲང་བདེན་དང་། ཡང་དག ཆ་ཚང་བཅས་ཡོངས་བསྒྲགས་བྱེད་པ་དང་དྲ་ཐོག་དང་དྲ་ཕྱི་ནས་རིན་གོང་ཁ་གསལ་པོ་བཀོད་ནས་ཡུལ་སྐོར་བས་རོལ་རྩེད་རྣམ་གྲངས་དང་འཛད་སྤྱོད་ཀྱི་ཚད་གཞི་གསལ་པོ་ཤེས་པ་བྱས་ཏེ། རིན་གོང་ནས་མགོ་སྐོར་མི་ཐེབས་པ་དང་རིན་གོང་ཧམ་སྤོར་སོགས་ཚུལ་མིན་གྱི་རིན་གོང་སྤོར་བའི་བྱེད་སྤྱོད་མི་ཐོན་པ་བྱེད་དགོས་པ་བསྟན་ཡོད།

    བསླབ་འདོམས་ཡི་གེའི་ནང་། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཡུལ་ལྗོངས་ས་ཚིགས་ཁག་གིས་སྤ་སེ་འཚོང་སའི་མངོན་གསལ་དོད་སར་སྤ་སེའི་རིན་གོང་དང་། འབྲེལ་ཡོད་ཞབས་ཞུའི་རིན་གོང་། སྒོ་འཛིན་རིན་གོང་གི་གཟིགས་སྐྱོང་ཁྱབ་ཁོངས། འཕར་ཆག་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་བཙན་ཤེད་ཀྱིས་གྲོན་དངུལ་ཚབ་ལེན་དང་། རིན་གོང་གང་བྱུང་དུ་སྤོར་བ། གྲོན་དངུལ་གང་བྱུང་བསྡུ་བ་བཅས་ཀྱི་བྱེད་སྤྱོད་ཅི་རིགས་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས། ཚོང་གཉེར་མཁན་ཁག་གིས་ཐེངས་འདིའི་དྲན་སྐུལ་བྱས་པའི་བསླབ་འདོམས་ཡི་གེའི་བླང་བྱ་གཞིར་བཟུང་། རང་བཤེར་དང་དག་ཐེར་བྱས་ནས་རིན་གོང་གི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་ཡུལ་སྐོར་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་རང་རྟོགས་ངང་སྲུང་དགོས་པ་དང་། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཀྱང་ཡུལ་སྐོར་ཁྲོམ་རའི་རིན་གོང་སྤོར་བའི་བྱེད་སྤྱོད་ལ་ལྟ་འདོམས་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་པ་དང་སྦྲགས། མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཚོང་གཉེར་མཁན་ལ་དྲན་སྐུལ་བསླབ་འདོམས་བྱས་ཀྱང་། སྔར་བཞིན་དག་ཐེར་ཚད་ལྡན་བྱས་མེད་རིགས་དང་མང་ཚོགས་ཀྱི་བསམ་འཆར་མང་བའི་རིན་གོང་གི་ཁྲིམས་འགལ་གནད་དོན་ལ《རིན་གོང་བཅའ་ཁྲིམས》དང《ཁྲིམས་འགལ་ངང་རིན་གོང་སྤོར་བའི་བྱེད་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་གཏན་འབེབས》 སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་པོར་གཞིགས་ནས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། གནས་ཚུལ་ཚབས་ཆེན་དང་། ངོ་བོ་ཤིན་ཏུ་ངན་པ། ཤུགས་རྐྱེན་ཆེ་བ་བཅས་ཀྱི་ཁྲིམས་འགལ་གྱོད་གཞི་ཡོངས་བསྒྲགས་བྱེད་དགོས་པ་བསྟན་ཡོད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཀྱང་སྤྱི་ཚོགས་ལས་རིགས་ཁག་གིས་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་དང་འབྲེལ་ཡོད་ལས་རིགས་ཀྱི་གཉེར་སྐྱོང་མཁན་གྱི་རིན་གོང་སྤོར་བའི་བྱེད་སྤྱོད་ལ་ལྟ་སྐུལ་བྱས་ནས། ཁྲིམས་འགལ་ངང་རིན་གོང་སྤོར་བའི་བྱེད་སྤྱོད་ཤེས་ཚེ་ཞུ་གཏུག་ཐེར་འདོན་གྱི་ཁ་པར་ཨང་གྲངས་12315དང་12345ལ་ཁ་པར་རྒྱག་དགོས་པའི་འབོད་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།