བོད་ལྗོངས་12315ཡིས་ཡུལ་སྐོར་འཛད་སྤྱོད་ཀྱི་ཉེན་བརྡ་བཏང་བ།
འཛད་སྤྱོད་ཀྱི་རྩོད་གཞི་འཕྲད་སྐབས་དཔང་རྟགས་ཡག་པོ་ཉར་དགོས།
ཁྲིམས་སྒྱུར་མི་སྣས་ཡུལ་སྐོར་ཁྲོམ་རར་བརྟག་དཔྱད་བྱེད་བཞིན་པ།
ཉེ་ཆར་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཉིན་བཞིན་མང་དུ་འགྲོ་བ་དང་ཆབས་ཅིག འཛད་སྤྱོད་ཀྱི་རྩོད་གཞི་ཡང་དེ་མཚུངས་ཀྱིས་མང་དུ་འགྲོ་བཞིན་ཡོད། དེར་བརྟེན། རང་སྐྱོང་ལྗོངས་12315ཡིས་རྒྱུན་མཐོང་འཛད་སྤྱོད་རྩོད་གཞིའི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་འཛད་སྤྱོད་ཀྱི་ཉེན་བརྡ་བཏང་བ་རེད།
འཛད་སྤྱོད་པས་དྲ་ཐོག་ནས་གསོལ་མགྲོན་ཁང་དང་། མགྲོན་ཁང་། འགྲུལ་ཁང་སོགས་མངགས་སྐབས་འབྲེལ་ཡོད་ནང་དོན་ལ་གསལ་པོ་ལྟ་དགོས། གལ་ཏེ་དྲ་ཐོག་གི་དྲིལ་བསྒྲགས་དེ། དོན་དངོས་དང་མི་མཐུན་པའམ་ཡང་ན་དྲ་ཐོག་ནས་མངགས་རྗེས་དངོས་སུ་ཞག་སྡོད་ལ་འགྲོ་དུས། གསོལ་མགྲོན་ཁང་སོགས་ཀྱིས་མངགས་ཐོའི་ཆ་འཕྲིན་མེད་ཚུལ་ལམ་ཡང་ན་ཁང་པ་མེད་ཚུལ་ཤོད་པ་སོགས་ཀྱི་གནས་ཚུལ་འཕྲད་སྐབས། ཁང་པ་མངགས་པའི་སྤ་སེ་ཡག་པོ་ཉར་ནས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ཞུས་ཏེ་ཁེ་དབང་སྲུང་སྐྱོང་བྱེད་དགོས།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཡུལ་སྐོར་བ་མང་པོ་ཞིག་གིས་རང་སྐྱོང་ལྗོངས་12315ལ་ཞུས་པའི་གནས་ཚུལ་ནང་། བོགས་གཏོང་རླངས་འཁོར་སྡོད་སྐབས་ཁ་ལོ་བས་ཨུ་ཚུགས་ཀྱིས་ཅ་ལག་ཉོ་སར་ཁྲིད་དེ། ཚོང་པའི་ཚོང་ཟོག་ཉོ་རུ་འཇུག་ལུགས་དང་། མཛེས་ལྗོངས་ཁུལ་ཆེ་གྲས་ཁག་དང་ལྗོངས་གཟིགས་སྟེགས་བུའི་ཚོང་པས་ཨུ་ཚུགས་ཀྱིས་སྨན་སྣ་ཚོགས་ཉོ་རུ་འཇུག་པ་མ་ཟད་རྒྱ་མ་མི་འགྱོགས་པར་ཞིབ་ཞིབ་བཟོས་ནས་འཚོང་གི་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད་པ་རེད། གོང་གསལ་གྱི་གནས་ཚུལ་དེ་རིགས་འཕྲད་སྐབས། འཛད་སྤྱོད་པས་ཡིད་ཆེས་བྱེད་མི་རུང་ལ་རྨོངས་ཚོད་ཀྱིས་ཉོ་རྐྱང་བྱེད་རྒྱུ་མེད་པར། ཚོང་པའི་གཡོ་ཐབས་ཤེས་པ་དང་མགོ་སྐོར་འོག་མི་ཚུད་པར་བྱེད་པ་དང་ཆབས་ཅིག ཉོས་པའི་ཅ་ལག་གི་འབྲེལ་ཡོད་གནས་ཚུལ་དང་རྫུན་ལྷད་ཞན་གསུམ་ཡིན་མིན་དབྱེ་འབྱེད་བྱེད་ཤེས་པ་བྱེད་དགོས།
ཉེ་བའི་ལོ་ཤས་རིང་བོད་ཆས་སྤྲས་ནས་པར་རྒྱག་པ་དེ་དར་སོ་ཞིག་ཏུ་གྱུར་ཡོད། འཛད་སྤྱོད་པས་བོད་ཆས་སྤྲས་ནས་པར་རྒྱག་དགོས་ན། ཉམས་མྱོང་ཡོད་པའི་པར་ཁང་འདེམས་པ་དང་རྣམ་གྲངས་གང་ཡོད་མེད་ལ་ཞིབ་ཚཌ་ལྟ་བ་ལས། ཚོང་པས་བཤད་ཚད་ལ་ཡིད་ཆེས་བྱ་རྒྱུ་མེད། དེ་དང་ཆབས་ཅིག་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་བྱེད་པ་དང་དུས་རབས་རིག་གནས་ཀྱི་རྣམ་པ་ལྡན་པའི་བོད་ཆས་འདེམས་དགོས་ལ། རང་ཉིད་ཀྱི་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་བྱས་ནས་ཡ་རབས་ངང་པར་རྒྱག་དགོས།
དེས་ན་རང་སྐྱོང་ལྗོངས་12315ཡིས་རྒྱ་ཆེའི་ཡུལ་སྐོར་བར། ཡུལ་སྐོར་བྱེད་སྐབས་ཅ་ལག་ཉོ་བ་དང་ཞབས་འདེགས་དང་ལེན་བྱེད་སྐབས་བྱུང་འཛིན་སོགས་ཀྱི་སྤ་སེ་ཡག་པོ་ཉར་དགོས་ལ། ཚོང་པ་དང་ཚོང་འགྲིག་པའི་སྐད་ཆ་དང་། མངགས་ཐོའི་ཨང་གྲངས། སྤ་སེ་བཅས་ཉར་ཚགས་ཡག་པོ་བྱས་ནས་འཛད་སྤྱོད་ཀྱི་རྩོད་གཞི་འཕྲད་སྐབས་དུས་ཐོག་ཏུ་12315ཡི་ཁ་པར་བརྒྱབ་སྟེ། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།