དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ལྗོངས་ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གིས།

    ཡུལ་སྐོར་བ་བློ་ཡིད་ཚིམ་པའི་བདེ་འཇགས་ཁོར་ཡུག་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    འདི་ནི་ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པས་ལ་དུག་ཕོག་པའི་ཡུལ་སྐོར་བར་རོགས་སྐྱོར་བྱེད་བཞིན་པ།

    རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གིས་ལྟེ་བའི་ཁུལ་གྱི“ཏང་འཛུགས་སྐྱོང་དང་། བཅོས་སྐྱོང་། ཞབས་ཞུ་བཅས་ཟུང་དུ་འབྲེལ་བའི”རྣམ་པ་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཡུལ་སྐོར་བ་བློ་བདེ་བ་དང་བློ་ཡིད་ཚིམ་པའི་བདེ་འཇགས་ཁོར་ཡུག་ཧུར་ཐག་བཏོད་ཡོད། འདི་ལོ་ནས་བཟུང་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གི་ཞབས་ཞུའི་ལས་དོན་ཁག་ལ་གོང་གཏུག་དང་ངོ་གཏུག་རྒྱག་མཁན་མེད་པས་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་100%ཟིན་ཡོད་པ་རེད།

    ལོ་སྟོད་ནས་བཟུང་ཇོ་མོ་གླང་མའི་ལྟེ་བའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་རིམ་བཞིན་མང་དུ་ཕྱིན་ཞིང་། ཟླ་7ཚེས་11ཉིན་བར་ས་བབ་མཐོ་ཚད་སྨི་5200ཟིན་པའི་ཇོ་མོ་གླང་མའི་སྒར་ས་ཆེན་མོར་ཡུལ་སྐོར་བ་མི་ཐེངས་ཁྲི་20ལྷག་ཙམ་ཟིན་པ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ལོ་གོང་མ་ལས་ལྡབ་གཅིག་ཙམ་གྱིས་མང་དུ་ཕྱིན་ཡོད་པ་རེད།

    “ཟླ་6པ་ཚུན་ཇོ་མོ་གླང་མའི་སྒར་ས་ཆེན་མོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་7ལྷག་ཙམ་ཟིན་པ་དང་། མངགས་གཏོང་ཁང་གིས་གནས་ཚུལ་ལ་གཞིགས་ནས‘ལས་རེས་ཐེངས་གསུམ་བྱེད་པའི’ལམ་ལུགས་ལག་ལེན་བསྟར་ནས་ཆུ་ཚོད་24ཡི་རིང་ཡུལ་སྐོར་བར་ཞབས་འདེགས་ཞུ་གི་ཡོད” མངགས་གཏོང་ཁང་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་ཝང་ཕུའུ་ཡིས་ཇོ་མོ་གླང་མའི་ལྟེ་བའི་མཛེས་ལྗོངས་ཁུལ་དུ་ས་ཚིགས་མང་བ་དང་། ལམ་ཐག་རིང་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་དོན་དངོས་དང་ཡུལ་སྐོར་བ་ཟམ་མི་ཆད་པར་མང་དུ་ཕྱིན་པའི་གནས་ཚུལ་ལ་དམིགས་ཏེ། མངགས་གཏོང་ཁང་གིས་མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་ཟོན་འགོག་གི“གསུམ་འགོག་མཉམ་འགུལ”ལག་ལེན་བསྟར་ནས་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་དང་། མཐའ་སྲུང་བ། མཛེས་ལྗོངས་ཁུལ་གྱི་དྲ་མིག་ཅན། མཛེས་ལྗོངས་ཁུལ་གྱི་ལྡིར་སོ་བཅས་ཀྱི་ལྟ་སྐུལ་ཚོད་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། “ཉེན་རྟོག་པ་གཉིས་ཀྱིས་ས་ཚིགས་སྲུང་བ་དང་། ཉེན་རྟོག་པ་བཞིས་ལམ་ཐིག་ཏུ་སྐོར་གཡེང་། ཉེན་རྟོག་པ་མང་པོས་ཚོད་འཛིན། དོ་དམ་ཡུག་ཁུལ་མཉམ་འགུལ”བཅས་ཀྱི་འགུལ་རྣམ་ཅན་གྱི་ཉེན་དོན་བྱ་ཐབས་སྤྱད་དེ་སྒུལ་བདེའི་ཉེན་དོན་དང་མཉམ་སྒྲུབ་མཉམ་འགུལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཡོད་ཅེས་ངོ་སྤྲད་བྱས།

    ཟླ་6པའི་ཟླ་འགོ་ནས་ཟླ་7པའི་ཟླ་དཀྱིལ་བར་མངགས་གཏོང་ཁང་གིས་ཡུལ་སྐོར་བའི་རེ་ཞུའི་ཉེན་ཟོན་གནས་ཚུལ་110ལྷག་ཙམ་ཐག་གཅོད་ནུས་ལྡན་བྱས་ནས་འགལ་བ་དང་རྩོད་གཞི་32བསལ་བ་དང་། ཇོ་མོ་གླང་མའི་སྒར་ས་ཆེན་མོའི་ཉེན་རྟོག་ཞབས་ཞུ་ཁང་གིས་སྔ་རྗེས་སུ་ཉེན་ཁའི་གནས་སུ་གྱར་བ་དང་ལ་དུག་ཕོག་པའི་མི་13ལ་རོགས་སྐྱོར་བྱས་པ་དང་། ལམ་ནོར་ཐེབས་པའི་ཡུལ་སྐོར་བ་122འཚོལ་རོགས་བྱས་པ། ཡུལ་སྐོར་བས་བརླག་པའི་དངོས་རྫས་58འཚོལ་རོགས་བྱས་ནས་སྒོར་ཁྲི་18ལྷག་ཙམ་གྱི་གྱོང་གུན་མི་ཕོག་པ་བྱས་པ། རིགས་ཁག་གི་འདུན་ཞུ“སྔ་ཙམ་དང་། འོས་འཚམ། མགྱོགས་པོ། ལེགས་པོ”བཅས་ཀྱི་ཐོག་ནས་ཐག་གཅོད་བྱས་ཡོད་པ་རེད།

    “‘ཐོན་མ་ཐག་རྡུང་རྡེག་བཏང་ནས་ལས་དོན་སྒྲུབ་པར་སྟབས་བདེ་སྐྲུན་པ’མཐའ་འཁྱོངས་ཀྱིས་ལས་རིགས་ཀྱི་གཙོ་འགན་འཁུར་མཁན་དང་མཐུན་སྦྱོར་མཉམ་འགུལ་གྱི་བཅོས་སྐྱོང་རྣམ་པ་ཧུར་ཐག་གཏོད་དགོས” ཞེས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གི་སོའོ་ཀྲང་ཀྲང་སུའེ་ཤིན་གྱིས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ཀྱི་བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་བཀྲ་ཤིས་འཛོམས་མཐའ་མཚམས་མངགས་གཏོང་ཁང་དང་མཉམ་དུ་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་གི“ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི”ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དང་ཉེན་ཁའི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་འབྲེལ་མཛེས་ལྗོངས་ཁུལ་དང་བཀྲ་ཤིས་འཛོམས་ཤང་གི་དཔུང་རྟགས་དམར་པོའི་སྐོར་གཡེང་རུ་ཁག་དང་། མཛེས་ལྗོངས་ཁུལ་གྱི་བདེ་སྲུང་བ། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་ཀུང་སིའི་དོ་དམ་པ་སོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གང་ལེགས་བྱས་ནས“ཉེན་རྟོག་པའི་ནུས་ཤུགས་དང་དམངས་ཀྱི་ནུས་ཤུགས་ཟུང་འབྲེལ་བྱས་པ”བརྒྱུད་ཐོན་ཁུངས་དང་ཆ་འཕྲིན་རྒྱ་སྐྱེད་ཀྱིས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཙང་སེལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།