གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ནས་མཐའ་དར་དམངས་ཕྱུག་ཡོང་བར་སྐུལ་འདེད་བཏང་བ།
—— ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་ནུས་ཤུགས་ཡོད་རྒུས་མཐའ་མཚམས་ས་ཁུལ་གྱི་དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ།
“དེ་སྔོན་དངུལ་ལེན་པ་དང་དངུལ་གཞན་ལ་བསྐུར་དགོས་བསམ་ན། རྫོང་དུ་འགྲོ་དགོས་པས་དུས་ཚོད་རིང་པོ་འགོར་བས་མ་ཚད་རྙོག་དྲ་ཡང་ཧ་ཅང་ཆེན་པོ་ཡོད། ད་ཆ་ལས་སྒོ་དེ་དག་གྲོང་ཚོའི་ནང་གི་རྡོ་རྗེ་བཟང་མོའི་ཁྱིམ་ཚང་ཇ་ཁང་དུ་ཕྱིན་ན་སྐར་མ་10ཡང་མ་འགོར་བར་གཉེར་ཐུབ་ཀྱི་ཡོད། ཁྱིམ་གྱི་སྒོ་རྩ་ནས་རྒྱུན་གཏན་གྱི་འགྲོ་གྲོན་སྤྲོད་ཐུབ་པ་མ་ཟད། རྩིས་ཐོ་སྣ་ཚོགས་ཞིབ་པར་ལྟ་ཐུབ་ཀྱི་ཡོད་པས། སྟབས་ཧ་ཅང་བདེ་པོ་འདུག”ཅེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་གྲོང་མི་སྤེན་པ་ཚེ་རིང་གིས་མྱོང་ཚོར་ཟབ་མོས་བཤད།
འཁོར་ཆགས་གྲོང་ཚོ་ནི་མེས་རྒྱལ་གྱི་མཐའ་མཚམས་སུ་གནས་པ་དང་། གྲོང་ཚོའི་ནང་གི་རྡོ་རྗེ་བཟང་མོའི་ཁྱིམ་ཚང་ཇ་ཁང་ནི་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་དེ་གར་བཙུགས་པའི་གསེར་སྙེ་ཞིང་ཕན་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཤིག་རེད། ཞབས་ཞུའི་ས་ཚིགས་སུ་དངུལ་རྩའི་འཕྲུལ་ཆས་བཀོད་སྒྲིག་བྱས་པ་མ་ཟད། དུས་བཀག་ལྟར་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་རྗེས། ལས་དོན་མི་སྣས་དངུལ་བཅོལ་ལེན་དང་དངུལ་ཁོངས་སྒྱུར་བ་སོགས་ཀྱི་རྨང་གཞིའི་ལས་སྒོའི་རྩལ་ནུས་ཁོང་དུ་ཆུད་པས། གྲོང་མི་ཚོ་ཐག་རིང་ལ་འགྲོ་མི་དགོས་པར་ཕན་འབྲས་མཐོ་བ་དང་། སྟབས་བདེ་བ། བདེ་འཇགས་ལྡན་པ་བཅས་ཀྱི་དངུལ་རྩའི་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད།
“དེའི་ནང་གཱ་བླུགས་རྗེས་དྲན་སྐུལ་བྱས་པའི་སྐད་ཡིག་བདམས་ནས་གསང་ཨང་དང་དངུལ་ལེན་པའི་དངུལ་གྲངས་བླུགས་ན་དངུལ་ལེན་ཆོག་གི་ཡོད”ཅེས་རྡོ་རྗེ་བཟང་མོས་འཛུམ་དམུལ་དམུལ་གྱིས་དངུལ་ལེན་ལས་སྒོ་གཉེར་བར་ཡོང་མཁན་གྲོང་མི་ཚོར་ཞིབ་ཕྲའི་བཀོལ་སྤྱོད་བརྒྱུད་རིམ་གསལ་བཤད་བྱེད་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་མཐའ་དར་དམངས་ཕྱུག་གི་ལས་དོན་ལ་དམིགས་ནས། གསེར་སྙེ་ཞིང་ཕན་འདུ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཐའ་མཚམས་ས་ཁུལ་གྱི་དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”བསལ་ནས། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔའི་བར་གསེར་སྙེ་ཞིང་ཕན་ཞབས་ཞུའི་ས་ཚིགས་170བཙུགས་པ་དེ་དག་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་100%ཟིན་ནས་མཐའ་མཚམས་རྫོང་4དང་། མཐའ་མཚམས་ཤང་གྲོང་14 མཐའ་མཚམས་གྲོང་ཚོ་37བཅས་ཀྱི་དུད་ཚང་5756གི་མི་21205ལ་ཕན་པ་ཐོབ་ཡོད།
གཞན་ཡང་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས“3+2”ཀྱི་སྐོར་སྐྱོད་དངུལ་རྩའི་ཞབས་ཞུ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་བསྐངས་ཡོད། 2022ལོར་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གི་སྐོར་སྐྱོད་ཞབས་ཞུ་ཐེངས་1700ཟིན་པར། རིམ་རྩིས་བྱས་ན་མི་ཐེངས་3146བཏང་བ་དང་ལམ་ཐག་སྤྱི་ལེ་63496.1བསྐྱོད་ཡོད། དེ་དང་ཆབས་ཅིག་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་གྲོང་གསེབ་ཏུ་ཞིང་ཕན་སྐད་འཕྲིན་ཚོགས་པ་བཙུགས་ནས་མཐའ་མཚམས་ཀྱི་ཞིང་འབྲོག་པའི་དངུལ་རྩའི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ། མཐའ་མཚམས་ཀྱི་ཞིང་འབྲོག་པར་ཞིང་སྐྱོར་དངུལ་སྨར་དངུལ་བཅོལ་དང་། ཞིང་སྐྱོར་དངུལ་བསྒྱུར། གློག་རྡུལ་སྤྱི་ཚོགས་འགན་བཅོལ་གཱ་རེ་ཞུ་སོགས་དངུལ་རྩའི་ཞབས་ཞུ་སྤེལ་ཡོད།
གསེར་སྙེ་ཞིང་ཕན་འདུ་འགོད་ལག་བསྟར་བྱས་པ་དེས་མཐའ་མཚམས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་གཞི་རྩའི་དངུལ་རྩའི་ལས་སྒོ་གཉེར་རྒྱུར་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་དུས་ཐོག་ཏུ་ཀྲུང་དབྱང་གི་དགོངས་དོན་དང་། དངུལ་རྩའི་སྲིད་ཇུས། ཞིང་ལས་དངུལ་ཁང་གི་གྲོང་གསེབ་དར་རྒྱས་དང་མཐའ་བརྟན་དངུལ་བུན་དང་དམངས་ཕྱུག་དངུལ་བུན་སོགས་ཞིང་ཕན་དང་། མཐའ་བརྟན། མཐའ་སྟོབས་བཅས་ཀྱི་ཐོན་རྫས་ཀྱང་ཤེས་རྟོགས་ཐུབ་ཡོད། མིག་སྔའི་བར་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་གྲོང་གསེབ་དར་རྒྱས་དང་མཐའ་བརྟན་དངུལ་བུན་སྒོར་དུང་ཕྱུར་1.9དང་དམངས་ཕྱུག་དངུལ་བུན་སྒོར་དུང་ཕྱུར་1.5བཏང་བས་མངའ་རིས་ས་ཁུལ་མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་ནུས་ལྡན་བསྐངས་ཡོད་པ་རེད།