དབྱར་ཁ་ཚ་བ་ཆེ་དུས་སུ་མེ་སྐྱོན་ལ་དོ་སྣང་བྱེད་དགོས་པའི་དོན་གནད་འགའ།
དབྱར་དུས་དྲོད་ཚད་མངོན་གསལ་དོད་པོས་འཕར་བ་དང་གློག་དང་སོལ་རླངས་སྤྱོད་ཚད་མང་དུ་སོང་བ་དང་བསྟུན་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡང་མང་དུ་འགྲོ་བཞིན་ཡོད། དབྱར་ཁ་གནམ་གཤིས་ཚ་བ་ཆེ་དུས་ང་ཚོས་མེ་འགོག་གི་དོན་གནད་གང་དག་ལ་དོ་སྣང་བྱེད་དགོས་སམ།
གཅིག དབྱར་དུས་གློག་སྤྱོད་ཚད་མང་དུ་སོང་སྟབས་གློག་སྐུད་རྙིང་པར་དུས་ཐོག་ཏུ་ཞིབ་བཤེར་བྱས་ནས་བརྗེ་དགོས་རིགས་བརྗེ་དགོས་པ་དང་། གློག་སྐུད་དང་སོལ་རླངས་མདོང་ལམ་ཡང་དག་འཁྲིད་དགོས་པ་མ་ཟད། གློག་མི་འཁྱུད་པ་བྱེད་དགོས།
གཉིས། དབྱར་དུས་དྲོད་ཚད་མཐོ་བས་རླངས་འཁོར་དུ་མེ་ཆ་དང་། ཆུ་དྲི་ཞིམ། སྒུལ་བདེའི་གློག་ཁུངས་སོགས་ཚ་པོ་ཆགས་སྲིད་པས་འབར་གས་སླ་བའི་དངོས་རྫས་འཇོག་མི་རུང་། དུས་བཀག་ནང་རླངས་འཁོར་ལ་བདག་སྐྱོང་བྱས་ཏེ། གློག་སྐུད་རྙིང་པ་དང་འབྲེལ་མཐུད་ཡག་པོ་མེད་རིགས་དུས་ཐོག་ཏུ་བརྗེ་དགོས་པ་མ་ཟད། དུས་བཀག་ལྟར་རླངས་འཁོར་ནང་གི་མེ་གསོད་ཡོ་ཆས་ལ་ཞིབ་བཤེར་ཡག་པོ་བྱེད་དགོས།
གསུམ། གྲོང་མིས་ངེས་པར་དུ་སོལ་རླངས་སྒྲིག་ཆས་བེད་སྤྱོད་ཡང་དག་གཏོང་བ་ལས་རང་དགར་བཤིག་པ་དང་བཟོ་བཅོས་རྒྱག་མི་རུང་། ཁང་པའི་ནང་གི་སོལ་རླངས་སྒྲིག་ཆས་སམ་ཡང་ན་སྣོད་ཆས་ཆག་སྐྱོན་བྱུང་བ་དང་འཛག་པའི་སྐབས་སུ། ངེས་པར་དུ་མྱུར་དུ་གཅུས་སྒོ་རྒྱག་པ་དང་། སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་གཏོང་བ། ཡུལ་དངོས་ནས་འབྲལ་དགོས་པ་མ་ཟད། དུས་ཐོག་ཏུ་ཉམས་བཟོ་བྱེད་དགོས།
བཞི། དབྱར་དུས་ཀྱི་མཚན་མོར་དུག་སྦྲང་མང་བས་མི་རྣམས་ཀྱི་གཉིད་ལ་ཤུགས་རྐྱེན་ཐེབས་པར་བརྟེན་གྲོང་མི་ཚོས་སྦྲང་སྤོས་སྤར་ནས་དུག་སྦྲང་འགོག་ཐབས་བྱེད་ཀྱི་ཡོད། སྦྲང་སྤོས་གཅིག་སྤར་རྗེས་དེའི་ལྟེ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ་700ཟིན་གྱི་ཡོད་པར་བརྟེན། སྦྲང་སྤོས་བདེ་འཇགས་ཀྱི་ས་ཆར་འཇོག་དགོས་པ་ལས། ཐད་ཀར་རྐུབ་བཀྱག་དང་སྒྲོག་ཙེ་སོགས་ཤིང་ལས་གྲུབ་པའི་འཛིན་ཆས་སམ་འབར་སླ་བའི་དངོས་པོའི་སྟེང་འཇོག་མི་རུང་།
ལྔ། ཐ་མག་འཐེན་མཁན་འགའ་ཞིག་ལ་ཉལ་ཁྲིའི་སྟེང་ཐ་མག་འཐེན་པ་དང་། ལྷག་པ་ཆེ་བའི་སྐབས་སུ་ཕྱི་རོལ་དུ་ཐ་མག་འཐེན་པ། ཐ་རོ་གང་བྱུང་དུ་དབྱུག་པ་སོགས་ཀྱི་གོམས་གཤིས་ངན་པ་ཡོད། གོམས་གཤིས་ངན་པ་དེ་དག་ལས་མེ་སྐྱོན་ཐོན་སླ་བས་ངེས་པར་དུ་སྤོང་དགོས།
དྲུག ཁ་པར་གྱི་གློག་གསོག་ཆས་བེད་སྤྱོད་ཡུན་རིང་གཏོང་མི་རུང་། ཁ་པར་ལ་གློག་ཁེངས་རྗེས་དུས་ཐོག་ཏུ་གློག་སྐུད་བཀྲོལ་ནས་གློག་གསོག་མཚམས་འཇོག་དགོས་པ་དང་། གློག་གསོག་སྐབས་ལག་ཐོགས་ཁ་པར་བེད་སྤྱོད་ཡུན་རིང་གཏོང་མི་རུང་།
བདུན། གུང་གསེང་དང་ངལ་གསོའི་སྐབས་སུ་བྱིས་པས་མེ་ཆ་དང་ཡང་ལཱ་སོགས་ལ་རྩེད་མོ་རྩེ་བར་བཀག་འགོག་བྱེད་དགོས། མེ་སྐྱོན་ཐོན་ཚེ་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་བྲོས་པའམ་ཡང་ན་རང་སར་སྐྱོབ་མཁན་སྒུག་ནས་སྡོད་དགོས། ལུས་པོར་མེ་འབར་རྗེས་རང་སར་སྒལ་རིལ་བརྒྱབ་ནས་མེ་གསོད་ཐབས་བྱེད་པ་ལས་དངངས་སྐྲག་དང་བཅས་རྒྱུག་ཤར་གཏན་ནས་གློད་མི་རུང་བའི་སློབ་གསོ་རྒྱག་དགོས།
བརྒྱད། གློག་སྒུལ་རྐང་འཁོར་ཉོ་སྐབས་ཚད་ལོན་པའི་ཐོན་རྫས་འདེམས་དགོས་པ་དང་། སྐྱོན་ཤོར་ཚེ་དུས་ཐོག་ཏུ་ཉམས་བཟོ་བྱེད་དགོས། རྐང་འཁོར་རིགས་ཉི་མ་དང་ཆར་ཁྲོད་དུ་ཡུན་རིང་འཇོག་མི་རུང་། གློག་ཡུན་རིང་གསོག་མི་རུང་ལ་རྐང་འཁོར་ཁྱིམ་དུ་དབོར་ནས་གློག་གསོག་མི་རུང་།
དགུ། འབར་སླ་བའི་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གསོག་ཉར། གཉེར་སྐྱོང་བཅས་བྱེད་མཁན་ཚན་པར་དུས་ཐོག་ཏུ་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁའི་ཚོད་སྐོར་བྱས་ནས། ཁྲིམས་ལྟར་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས།
བཅུ། འདུ་འཛི་ཆེ་སར་འབར་སླ་བའི་རྒྱུ་ཆ་སྤྱད་ནས་མཛེས་བཟོ་བྱེད་མི་ཆོག་པ་དང་། གློག་སྐུད་གང་བྱུང་དུ་ཁྲིད་མི་ཆོག་པ། སྒྲིག་འགལ་ངང་མེ་སྤོར་བའི་ལས་ཀ་བྱེད་མི་ཆོག་པ། དེ་བཞིན་མེ་ཟོན་སྒྲིག་ཆས་ཆ་ཚང་པོ་དང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།