དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཐུགས་རྗེ་ལེགས་འབུལ་ཞུ་བའི་འཕྲིན་ཡིག་ཅིག་ནས་བྱུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད།

    རྫོང་དགའ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཉེན་ཁའི་གནས་སུ་གྱར་བའི་མི་3བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    རྫོང་དགའ་མཐའ་མཚམས་མངགས་གཏོང་ཁང་གིས་མཐའ་མཚམས་སུ་སྐོར་གཡེང་བྱེད་པ།

    རྫོང་དགའ་མཐའ་མཚམས་མངགས་གཏོང་ཁང་།

    ཧི་མ་ལ་ཡའི་བྱང་ངོས་སུ་གནས་པའི་གུང་ཐང་ལྷ་མོའི་འདབས་ཀྱི་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཡོད་པ་དང་དམིགས་བསལ་གྱི་ས་མཐོའི་གནམ་གཤིས་ལས་དམིགས་བསལ་གྱི་ས་གཤིས་ཆགས་ཤིང་། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རྫོང་དགའ་མཐའ་མཚམས་མངགས་གཏོང་ཁང་དེ་གར་གནས་ཡོད།

    གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པའི་བསམ་འདུན་དང་བྱ་སྤྱོད་ནས་ལག་ལེན་བསྟར་བཞིན་པའི་དམ་བཅའ་བརྟན་པོ་ཞིག་སྟེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ནས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་རྩ་བ་བརྟན་པོ་ཚུགས་ཀྱི་ཡིན།

    ཟླ་6པའི་ཟླ་སྨད་དུ་ཀྲུང་གོ་ས་གཤིས་ཚན་རིག་ཁང་ས་གཤིས་ཤུགས་རིག་ཞིབ་འཇུག་སུའོ་ཡི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེའི་ནང་། གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་ཁོ་ཚོ་སྲོག་ཉེན་ལས་བསྐྱབས་པར་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་ཡོད། གལ་ཏེ་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་དེ་མ་འབྱོར་ཚེ། མི་དམངས་ཉེན་རྟོག་པས་རོགས་སྐྱོབ་བྱས་པའི་གཏམ་རྒྱུད་མི་རྣམས་ཀྱིས་ཤེས་མི་སྲིད།

    བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རྫོང་དགའ་མཐའ་མཚམས་མངགས་གཏོང་ཁང་གི་མངའ་ཁོངས་སུ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1500ཡོད་པ་དང་མི་རྣམས་ཁ་ཐོར་དུ་སྡོད་ཅིང་། སྐད་གྲགས་ཆོད་པའི་སྨོན་ལ་གྲགས་ཆེན་མཛེས་ལྗོངས་ཁུལ་གྱི་ལས་སྒྲུབ་ས་ཚིགས་ཀྱང་སུའོ་དེའི་དོ་དམ་བྱེད་ཁོངས་ཡིན་པས། རྒྱུན་དུ་སྐོར་གཡེང་དོ་དམ་ཚོད་འཛིན་དང་ལས་སྒྲུབ་ལས་འགན་ཧ་ཅང་ལྕི་པོ་ཡོད།

    ཟླ་5ཚེས་4ཉིན་གྱི་ཆུ་ཚོད་18ཙམ་ལ་ཀྲུང་གོ་ས་གཤིས་ཚན་རིག་ཁང་ས་གཤིས་ཤུགས་རིག་ཞིབ་འཇུག་སུའོ་ཡི་ཧན་ཧྲོའུ་དང་། ཀའོ་དབྱང་། ཝང་ཅུན་ཡན་བཅས་མི་གསུམ་རྫོང་དགའ་མཐའ་མཚམས་མངགས་གཏོང་ཁང་གི་ཁོངས་གཏོགས་སུ“བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཡོངས་བཤེར་ཐེངས་དང་པོའི”རྣམ་གྲངས་ཀྱི་ཐང་རྒོད་ས་གཤིས་ལ་རྟོག་ཞིབ་བྱེད་པའི་ལས་འགན་འཁུར་ཡོད། ཟླ་ལྔ་པའི་སྐྱིད་གྲོང་དུ་ད་དུང་རི་མགོ་གངས་ཀྱིས་ཁེངས་པ་དང་། དྲོད་ཚད་དམའ་བ། གནམ་གཤིས་འགྱུར་ལྡོག་ཆེ་བ་བཅས་ཡོད་ལ། གནས་དེ་ཆུ་འགོ་སྲུང་སྐྱོང་ཁུལ་དུ་གཏོགས་པ་དང་མཐའ་འཁོར་གྱི་ས་བབ་མཐོ་ལ་མི་ཉུང་བ། རྩྭ་ངན་གང་སར་སྐྱེས་ཡོད་པས་གལ་ཏེ་དམིགས་བསལ་གནས་ཚུལ་འཕྲད་ན་སྐྱོབ་དཀའ་བ་ཞིག་ཡོད། ཁོ་ཚོ་མི་གསུམ་རྫོང་དགའ་གྲོང་རྡལ་གྱི་འཐུང་ཆུའི་ཆུ་འགོའི་ཉེ་འགྲམ་ས་ཁོངས་སུ་རྩད་ཞིབ་ཐིག་ལེན་བྱེད་པར་སྐྱོད་སྐབས་དྲག་ཆར་རླུང་འཚུབ་ཀྱིས་རྐྱེན་པས་དེ་གར་ལུས།

    དེ་དུས་ཀའོ་དབྱང་གིས་ཁ་པར་རྒྱག་དགོས་བསམས་ཀྱང་ལག་ཐོགས་ཁ་པར་ལ་བརྡ་རྟགས་དེ་ཙམ་མེད་པས་དངངས་འཚབ་ཆེན་པོ་ལངས། “ཅུན་ཡན། ཆར་པ་ཆེན་པོ་འབབ་བཟོ་འདུག་མགྱོགས་པོ་ཅ་ལག་བསྡུ་གསོག་བརྒྱབ་ནས་རྫོང་དགའ་གྲོང་རྡལ་དུ་ལོག་འགྲོ”ཞེས་བཤད། ཁོ་ཚོ་རླངས་འཁོར་ནང་འཛུལ་ནས་རྫོང་དགའ་གྲོང་རྡལ་གྱི་གྲོང་ཁུལ་དུ་ལོག་རྩིས་བྱེད་སྐབས། དྲག་ཆར་རླུང་འཚུབ་ཆེ་རུ་ཕྱིན་པའི་ཁར་ལམ་དུ་འདམ་གྱིས་ཁེངས་པ་དང་ལག་ཐོགས་ཁ་པར་ལའང་བརྡ་རྟགས་དེ་ཙམ་མེད་པས་ལོག་མ་ཐུབ་པར་དེ་གར་སྐྱོབ་མཁན་བསྒུགས་ནས་བསྡད།

    ཆུ་ཚོད་18དང་སྐར་མ་20ཙམ་ལ། རྫོང་དགའ་མཐའ་མཚམས་མངགས་གཏོང་ཁང་གི་སྐོར་གཡེང་རུ་ཁག་རྫོང་དགའ་གྲོང་རྡལ་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་ཉེ་འགྲམ་དུ་འབྱོར་སྐབས་ཐག་རིང་ནས་གློག་འོད་འཚེར་པ་མཐོང་། “སུའོ་ཀྲང་ལི་ལགས། ཕ་གིར་ལྟོས་དང་། མི་མེད་ལུང་སྟོང་དེར་མི་ཁ་ཤས་ལུས་ཡོད་པ་འདྲ། ཡང་སྙིང་གནས་ཚུལ་ཅི་ཞིག་ཡོད་པ་ལྟ་བར་འགྲོ”ཞེས་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་ལི་ཝུའེ་ཡིས་བརྗོད་བཞིན་དུ་དེའི་ཕྱོགས་སུ་བསྐྱོད།

    སྐོར་གཡེང་རུ་ཁག་ཉེན་ཁ་ཐོན་སར་འབྱོར་སྐབས། བོད་Aརྟགས་ཅན་གྱི་བྱེས་བགྲོད་རླངས་འཁོར་ཞིག་དྲག་ཆར་ཁྲོད་འདམ་བག་ནང་དིམ་པ་མཐོང་། “ཉེན་རྟོག་དཔོན་ལགས། ང་ནི་ཀྲུང་གོ་ས་གཤིས་ཚན་རིག་ཁང་ས་གཤིས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀའོ་དབྱང་ཡིན། དེ་གར་ས་གཤིས་རྩད་ཞིབ་བྱེད་པར་ཡོང་བ་ཡིན”ཞེས་བརྗོད། “མི་མེད་ལུང་སྟོང་གི་ས་ཆ་དེར། ཁྱེད་ཚོ་གང་འདྲ་བྱས་ནས་སླེབས་པ་ཡིན་ནམ། འདིར་ཉེན་ཁ་ཆེན་པོ་ཡོད་པ་ཤེས་ཀྱི་མེད་དམ”ཞེས་བཤད། “ལི་ཝུའེ། རླངས་འཁོར་ནང་གི་ཏ་དབྱི་ཁོ་ཚོར་གཡོག་དང་། མགྱོགས་པོ་རླངས་འཁོར་འཐེན་རྩིས་བྱེད་ཅིག”ཅེས་རྫོང་དགའ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ལི་ཆིང་ཆན་གྱིས་རླངས་འཁོར་ནང་ཁ་འདར་ཤོར་ནས་ཡོད་པའི་མི་རྣམས་ལ་ལྟ་བཞིན་དེ་ལྟར་བཀོད་འདོམས་བྱས།

    “སྟབས་ལེགས་པ་ཞིག་ལ་དེ་རིང་ཁྱེད་ཚོ་འཕྲད་བྱུང་། དེ་མིན་ན་ང་ཚོ་གསུམ་པོ་ཉེན་ཁ་ལས་ཐར་མི་ཐུབ”ཅེས་བཤད། རྫོང་དགའ་གྲོང་རྡལ་དུ་ལོག་པའི་ལམ་བར་ཀའོ་དབྱང་གིས་ལི་ཆིང་ཆན་གྱིས་སྤྲད་པའི་ཆུ་ཚ་པོ་ལག་ཏུ་བླངས་ནས་གནས་ཚུལ་རྣམས་བརྗོད།

    “མི་མེད་ལུང་སྟོང་དུ་ལུས་མཁན་ཁྱེད་ཚོ་འདྲ་བ། ལོ་ལྟར་སྐོར་གཡེང་བྱེད་སྐབས་ང་ཚོར་མང་པོ་ཐུག་གི་ཡོད། རྗེས་མ་ཡིད་གཟབ་བྱེད་དགོས། ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་བས་སྲོག་ལ་ཉེན་ཁ་ཡོད”ཅེས་ཤོད་བཞིན་ལི་ཆིང་ཆན་གྱིས་རྟོག་ཞིབ་རུ་མི་བདེ་བླག་ངང་རྫོང་དགའ་གྲོང་རྡལ་དུ་བསྐྱལ། ཉིན་གསུམ་སོང་རྗེས་རྫོང་དགའ་མཐའ་མཚམས་མངགས་གཏོང་ཁང་གི་རོགས་རམ་འོག་ཧན་ཧྲིའོ་དང་། ཀའོ་དབྱང་། ཝང་ཅུན་ཡན་བཅས་མི་གསུམ་གྱིས་ཐང་སྟོང་ས་གཤིས་ལ་རྟོག་ཞིབ་བྱེད་པའི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།

    བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ནས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་རྩ་བ་བརྟན་པོ་ཚུགས་ཀྱི་ཡིན། དེ་ནི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་བསམ་འདུན་ཡིན་ལ། བྱ་སྤྱོད་ཐོག་ནས་ལག་ལེན་བསྟར་བཞིན་པའི་དམ་བཅའ་བརྟན་པོ་ཞིག་ཀྱང་རེད། 2009ལོར་རྫོང་དགའ་མངགས་གཏོང་ཁང་བཙུགས་པ་ནས་བཟུང་། རྫོང་དགའ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་མ་ཟད། མེས་རྒྱལ་དང་མི་དམངས་ལ་བཅངས་པའི་ལྷད་མེད་བསམ་པ་རྒྱལ་ཁབ་ཀྱི་ས་ཆ་དང་མཐའ་མཚམས་སྲུང་སྐྱོང་བྱེད་པའི་བྱ་གཞག་དང་འདྲེས་ནས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།