དྲ་མིག་ཅན་གྱི་བཅོས་སྐྱོང་མ་ལག་བཙུགས་ནས་དམངས་ལ་ཞབས་འདེགས་ཞུ་བ།
—— གཞིས་རྩེའི་ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་གི་སྐོར་བཀོད་པ།
འདི་ནི་མི་དམངས་ཉེན་རྟོག་པས་གྲོང་མིར་སྔོ་ཚལ་སྤྲོད་བཞིན་པ།
ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་ནི་2010ལོར“ས་དམར་པོ”ཞེས་གྲགས་པའི་གཞིས་རྩེ་ཁང་དམར་རྫོང་གི་ལྷོ་རྒྱུད་དུ་བཙུགས་ཤིང་། མངགས་གཏོང་ཁང་གིས་སྤྱི་ལེ་17ལྷག་ཟིན་པའི་མཐའ་མཚམས་ལམ་ཐིག་ལ་སྐོར་གཡེང་དང་དོ་དམ་ཚོད་འཛིན་དང་། སྤྱི་ལེ་ངོས་གྲུ་750ཟིན་པའི་གཏོགས་ཁོངས་ཀྱི་བདེ་འཇགས་དོ་དམ་གྱི་འགན་འཁུར་གྱི་ཡོད་པས་མཐའ་སྲུང་གི་ལས་འགན་ཧ་ཅང་ལྕི་པོ་ཡོད།
2022ལོ་ཚུན་དུ། ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་དམིགས་པ་དང་མཐའ་མཚམས་དོ་དམ་དང་ཚོད་འཛིན་གྱི་དོན་དངོས་ལ་གཞི་ཚུགས་ནས། གཏོགས་ཁོངས་ཉེན་ཁུལ་3དང་དྲ་མིག་7དུ་དབྱེ་ཐོག་ཉེན་ཁུལ་རེར་མི་དམངས་ཉེན་རྟོག་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན། ལས་རོགས་ཉེན་རྟོག་པ། མཉམ་འགོག་རུ་མི་བཅས་བགོས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་། མངའ་ཁོངས་ཕྱིར་སྒྲོལ་སའི་ཉག་ག གྲོང་སྡོད་ཉེན་དོན་ཁང་བཅས་སུ་མཉམ་དུ་ལས་ཀ་བྱས་ནས། “དོན་དག་ཆེན་པོ་ཐག་གཅོད་པར་དྲ་མིག་ཚང་མ་མཉམ་འགུལ་དང་། བྱ་བ་ཆུང་ཙག་ཡིན་ཚེ་དྲ་མིག་གཅིག་གིས་ཐག་གཅོད་པའི”དྲ་མིག་ཅན་གྱི་བཅོས་སྐྱོང་མ་ལག་བཏོད་དེ། འགལ་ཟླ་དང་རྩོད་གཞི་གཞི་རིམ་ནས་ཐག་གཅོད་གང་ཐུབ་ཡོང་བ་བྱས་ནས། གཏོགས་ཁོངས་མང་ཚོགས་ཀྱི་སྐྱིད་སྣང་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད།
དེ་དང་ཆབས་ཅིག ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་གིས་གྲོང་ཚོ་ཁག་གི་མི་གྲངས་ཁྱབ་ཚུལ་ལ་གཞིགས་ནས། ཤང་ཏང་ཨུད་དང་གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་དུ་སྤྱི་བདེ་དང་ས་གནས་ཀྱི་ཀྲི་པུའུ་མཉམ་དུ་བཏོད་ནས། མཐའ་མཚམས་སུ་ལྟ་བཤེར་དང་། མཉམ་སྒྲུབ་མཉམ་འགུལ། མཉམ་འགོག་མཉམ་བཅོས། དམངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་འཛུགས་སྐྱོང་གི་ལས་དོན་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། “ང་ཚོས་ད་དུང་སྟོབས་ཤུགས་གཅིག་སྒྲིལ་ཡག་པོ་བྱས་ནས། འཇོན་ཐང་ཆེ་ལ་བྱང་ཚད་མཐོ་བའི་མི་དམངས་ཉེན་རྟོག་པ་གྲོང་ཚོ་ཁག་ཏུ་མངགས་ཏེ་གནད་སྨིན་རོགས་སྐྱོར་བྱེད་དུ་བཅུག་ཡོད། ཟླ་དྲུག་པར་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་16མ་རྫ་གྲོང་ཚོའི་དུད་ཚང་67དུ་བསྐྱོད་དེ་གྲོང་ཚོ་དང་དུད་ཚང་དང་ཡུག་ཁུལ་བཅས་འགན་ལེན་བྱེད་པའི་ཏང་ཡོན་གྱི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་ནས། རང་འགུལ་ངང་མང་ཚོགས་ཀྱི་རེ་འདུན་ཆུང་ངུ་བསྡུ་ལེན་དང་། ཐོ་འགོད། ཁྱབ་བསྒྲགས། སྒྲུབ་གཉེར། དོན་འཁྱོལ། ཚུར་ལན། ཐོ་བསུབ་བཅས་ཀྱི་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། ཏང་ཡོན་རེས་ལོ་རེར་མ་མཐར་ཡང་མང་ཚོགས་ཀྱི་རེ་འདུན་ཆུང་ངུ་གཅིག་ཡན་སྒྲུབ་དགོས་ཀྱི་ཡོད”ཅེས་སློབ་སྟོན་པ་ཀེན་ཞའོ་དབྱང་གིས་ངོ་སྤྲོད་བྱས།
བསྡོམས་རྩིས་བྱས་པར་གཞིགས་ན། “རེ་འདུན་ཆུང་ངུའི”བྱེད་སྒོ་སྤེལ་ཚུན། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་མང་ཚོགས་ཀྱི་རེ་འདུན་བསྐངས་པ་དང་། རེ་འདུན་ཆུང་ངུའི་དང་བླངས་ཞབས་ཞུའི་ཉིན་མོ་གཏན་འཁེལ་བྱས་ཤིང་། མིག་སྔའི་བར“རེ་འདུན་ཆུང་ངུ”23བསྡུ་ལེན་བྱས་པ་དང་། དེའི་ནང་རེ་འདུན་22བསྐངས་ནས་དང་ལེན་བྱེད་ཚད་100%དང་ཐག་གཅོད་བྱེད་ཚད་95%ཡན་ཟིན་ཡོད་པ་རེད།
མང་ཚོགས་རྣམས་ལ་ལྷད་མེད་ཀྱི་སྔོ་ཚལ་ལོངས་སྤྱོད་ཐུབ་ཆེད་ས་དམར་མདའ་མངགས་གཏོང་ཁང་གིས་འགྱིག་ཤོག་དྲོད་ཁང་གསར་དུ་སྒྱུར་བཀོད་བྱས་ནས། ས་ཞིང་ཁོད་སྙོམས་པ་དང་། ས་རྒྱུ་ལེགས་སུ་གཏོང་བ། ཆུ་གཏོང་དང་ཆུ་འབུད། ཞིང་ཁ་འགོག་སྲུང་སོགས་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་རྨོ་འདེབས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་རེད།
“ས་ཞིང་ཡུག་ཁུལ་5རུ་དབྱེ་ཐོག་གཏོགས་ཁོངས་ཀྱི་སྲིད་འཛིན་གྲོང་ཚོ་5ཡི་འགན་གཙང་ལེན་མཁན་མི་དམངས་ཉེན་རྟོག་པར་འགན་འཁུར་དུ་བཅུག་ནས། ཟླ་བཞི་པར་ས་བོན་བཏབ་པ་དང་ཟླ་བདུན་པར་ཏང་ཡོན་དང་མི་དམངས་ཉེན་རྟོག་པས་སྔོ་ཚལ་བཏུས་རྗེས་གྲོང་ཚོའི་དཀའ་ངལ་ཡོད་པའི་མང་ཚོགས་དང་ཁེར་སྡོད་རྒན་རྒོན་དང་དེ་བཞིན་དབང་པོ་སྐྱོན་ཅན་བཅས་ལ་སྤྲོད་ཀྱི་ཡོད”ཅེས་མི་དམངས་ཉེན་རྟོག་པ་མཱ་ཤུས་ཏུང་གིས་བཤད།
ཟླ་7ཚེས་1ཉིན། ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་གི་སྔོ་ཚལ་ཚང་པ་སྨིན་པ་དང་། ཧོང་ཀྭ་དང་། པད་ཚལ། ཀྲུ་མ་ཀྲོ་སོགས་སྔོ་ཚལ་སོས་པ་གྲོང་ཚོ་ལྔ་པོའི་དུད་ཚང་30ལྷག་ལ་བསྐྱལ་བ་རེད།
“འདི་རིང་སྔོ་ཚལ་སོས་པ་ཟ་རྒྱུ་བྱུང་སོང”ཞེས་གཏོགས་ཁོངས་ཀྱི་ཡུལ་མི་རྨོ་དབང་མོ་ལགས་ཀྱིས་ལོ་5ལ་སོན་པའི་ཚ་མོ་པང་དུ་བཏབ་ནས་གད་མོ་དགོད་བཞིན་དུ་བཤད།
ད་ཆ། ས་དམར་མདའ་ཤང་གི་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་དུ་མཐའ་མཚམས་མི་དམངས་ཉེན་རྟོག་པའི་འགན་སེམས་ཚོར་ཐུབ་ཀྱི་ཡོད། མཐའ་མཚམས་བརྟན་གཏོང་དང་མཐའ་སྲུང་སྲ་བརྟན་ལས་མཐའ་དར་དམངས་ཕྱུག་བྱུང་ནས་། དུད་ཚང་ཀུན་ལ་ཡ་རབས་ཞི་མཐུན་གྱི་གོམས་སྲོལ་བཟང་པོ་ཆགས་ཡོད་པ་རེད།