སྔོན་འགོག་ལས་དོན་ཏན་ཏིག་སྒྲུབ། བདེ་འཇགས་ཐོན་སྐྱེད་ལས་ལ་གཞོལ།
—— ལྷོ་ཁ་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་བཀོད་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ལས་སྒོའི་གསོ་སྦྱོང་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་བརྟན་སྲུང་བྱས་ཏེ་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་སུ་བྱས་ནས་སྲིད་གཞུང་གིས་ཁྲིམས་ལྟར་བདེ་འཇགས་ཐོན་སྐྱེད་ལ་དོ་དམ་དང་། ཁེ་ལས་ཀྱིས་ཁྲིམས་ལྟར་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན། སྤྱི་ཚོགས་ཀྱིས་ཁྲིམས་ལྟར་བདེ་འཇགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།
རྐྱེན་མ་བྱུང་སྔོན་འགོག་གིས་དོ་དམ་ཚོད་འཛིན་ལ་དམ་འཛིན་བྱས་པ།
ལྷོ་ཁ་གྲོང་ཁྱེར་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སྣ་ཚོགས་ལ་འགོག་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་བསྡོམས་འབོར་དང་མི་ཤི་ཚད་དུས་མཚུངས་ལས་61.11%དང་50%སོ་སོར་ཆག་ཡོད། འདི་ལོ་ནས་བཟུང་། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་ཆེན་པོ་ཐོན་མེད་པ་དང་བདེ་འཇཌ་ཐོན་སྐྱེད་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།
གྲོང་ཁྱེར་ཡོངས་ཀྱིས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་གོ་སྐབས་སུ་བྱས་ནས་བདེ་འཇགས་ཀྱི་ཉེན་ཁ་འབྱུང་རྩ་ནས་འགོག་ཟོན་དང་བསལ་ཏེ། གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་གྱི་ཆེད་དོན་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་ཇུས་གཞི་བཟོས་པ་དང་སྦྲགས་བཀྲམ་པ་མ་ཟད། དེ་བཞིན་ཁྱབ་ཁོངས་ཁག་གི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གཏན་འཁེལ་གྱི་ཚད་གཞི་བཟོས་ཏེ། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱས་ཡོད། འདི་ལོ་ནས་བཟུང་ཁྱབ་ཁོངས་ཁག་གི་ཁེ་ལས་327ལ་ཞིབ་བཤེར་བྱས་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་1639གྲལ་བཤེར་བྱས་པ་དང་། གནད་དོན་1469བཅོས་སྒྲིག་བྱས་པ། གནད་དོན་170བཅོས་སྒྲིག་བྱེད་བཞིན་ཡོད་པ་བཅས་རེད།
ཞན་ཆ་བསལ་ནས་རྨང་གཞི་བརྟན་དུ་བཏང་བ།
རང་འགུལ་ངང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞུགས་པ་དང་དེར་ལྟ་སྐུལ་བྱེད་པའི་སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་ནུས་ལྡན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་ལྟར་སྒོར་ཁྲི་60ཡི་ཐེར་འདོན་བྱ་དགའ་སྤྲོད་པའི་ཆེད་དོན་མ་དངུལ་ལོགས་སུ་བཀོད་སྒྲིག་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཐེར་འདོན་བྱ་དགའ་སྤྲོད་པའི་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། འདི་ལོ་ཚུན་དུ་ཐེར་འདོན་ཞུ་གཏུག་གི་གྱོད་གཞི་གཅིག་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་སྤྱིར་བཏང་ཐོན་སྐྱེད་ཀྱི་བདེ་འཇགས་ལས་འཛོལ་ལ་ཞིབ་བཤེར་ཐག་གཅོད་ཀྱི་མིང་སྦྱར་སྒྲུབ་སྐུལ་ལམ་ལུགས》དང《ལྷོ་ཁ་གྲོང་ཁྱེར་གྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་མིང་སྦྱར་སྒྲུབ་སྐུལ་ལམ་ལུགས》བཟོས་ནས་བཀྲམ་སྟེ་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་ལས་དོན་ཚད་ལྡན་བཟོས་པ་རེད། “ལྷོད་གཡེང་མི་གཏོང་བ་བཞིའི”བླང་བྱ་ལྟར་ལས་འཛོལ་བརྟག་དཔྱད་དང་ཐག་གཅོད་བྱས་ཏེ་ལས་འཛོལ་1ཐག་གཅོད་བྱས་པ་དང་། ཐེར་འདོན་གྱོད་གཞི་1ཞིབ་ཤེར་ཐག་གཅོད་བྱས་པ། མི་3ལ་སྐོང་འདྲི་བྱས་པ་རེད།
གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་བདེ་འཇགས་ཐོན་སྐྱེད་ལ་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གྲོང་ཁྱེར་ནོར་སྲིད་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་གྲོན་དངུལ་ལོ་རེར་སྒོར་ཁྲི་100ནས་སྒོར་ཁྲི་200བར་མང་དུ་བཏང་བ་དང་། རྫོང་རིམ་པའི་ནོར་སྲིད་ཀྱིས་ལོ་ལྟར་ཉུང་མཐར་ཡང་ཆེད་དོན་མ་དངུལ་སྒོར་ཁྲི་20བཀོད་སྒྲིག་བྱས་པ་དང་རྫོང་དང་ཆུས་ལ་ལས་དངུལ་གཏོང་ཚད་སྒོར་ཁྲི་100ཡན་ཟིན་ཡོད།
དམངས་ཡོངས་སྐུལ་སློང་བྱས་ནས་བདེ་འཇགས་འགན་ལེན་བྱས་པ།
གཞི་རིམ་གྱི་འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གིས་བོད་ཀྱི་མཐའ་མཚམས་འཕྲལ་སྡོམ་དོ་དམ་ས་ཚིགས་དང་པོ་བཙུགས་པའི་རྨང་གཞིའི་ཐོག བོད་སྐྱོར་མ་དངུལ་སྒོར་ཁྲི་34སྤྱད་དེ་མཚོ་སྣ་གྲོང་ཁྱེར་དུ་ལེགས་པོ་རོང་ཕྱོགས་བསྡུས་འཕྲལ་སྡོམ་དོ་དམ་ས་ཚིགས་དང་ཤང་གི་དོ་དམ་འཕྲལ་སྡོམ་ས་ཚིགས་5བཙུགས་པ་རེད། འདི་ལོ་བོད་སྐྱོར་མ་དངུལ་ནས་སྒོར་ཁྲི་75བཏང་སྟེ་ལྷུན་རྩེ་དང་། ལྷོ་བྲག སྣ་དཀར་རྩེ་བཅས་རྫོང་དུ་མཐའ་མཚམས་ཤང་དང་གྲོང་རྡལ་གྱི་འཕྲལ་སྡོམ་དོ་དམ་ས་ཚིགས་15བཙུགས་པ་རེད། ལྷོ་ཁ་གྲོང་ཁྱེར་དང་རྫོང་དང་གྲོང་ཁྱེར་གྱི་འཕྲལ་སྡོམ་བཀོད་འདོམས་རྟེན་གཞི་དང་འཕྲལ་སྡོམ་རོགས་སྐྱོབ་སྒྲིག་ཆས་གསོག་འཇོག་རྟེན་གཞི་4སྐྲུན་པའི་རྣམ་གྲངས“ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་གྲས་སུ་བཅུག་པར་མ་དངུལ་སྒོར་དུང་ཕྱུར་1.05བཏང་ཡོད།
གྲོང་ཁྱེར་ཡོངས་ཀྱིས་བདེ་འཇགས་སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་དང་འགན་ལེན་བྱ་ཐབས་གལ་ཆེན་དུ་བརྩིས་ནས།《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དྲིལ་བསྒྲགས་ཁྱབ་གདལ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་ཡོངས་ཀྱི“དང་ལེན་པ་ཨང་དང་པོ”དང་གེགས་སེལ་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་ཀྱི་ཕྱོགས་བསྡུས་ཆ་འཕྲིན་དོ་དམ་ལས་སྟེགས་རྣམ་གྲངས་ཀྱི་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་དང་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བདེ་འཇགས་དང་ཞི་མཐུན་གྱི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།