སྨན་གླིང་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དུག་འགོག་ལས་དོན་སྤེལ་བ།
འདི་ལོ་ཚུན། སྨན་གླིང་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དུག་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དུག་འགོག་གི་དྲིལ་བསྒྲགས་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། མི་དམངས་ཀྱི་དུག་འགོག་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
ཁྲིམས་ལྟར་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྡུང་རྡེག་དང་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། “ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་དང་དམ་བསྒྲགས་ཀྱི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་དྲ་རྒྱའི་དུག་སེལ་གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། རྡུང་རྡེག་དང་། བཅོས་སྒྲིག དྲིལ་བསྒྲགས། དོ་དམ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། “ཞིབ་བཤེར་ཆེན་པོ་དང་། དུག་འགོག་ཆེན་པོ། དོ་དམ་ཚོད་འཛིན་ཆེན་པོ”བཅས་ཀྱི་བྱ་སྤྱོད་མུ་མཐུད་སྤེལ་བ། “དོགས་པ་ཡོད་རིགས་ངེས་པར་དུ་ཞིབ་བཤེར”དང“དོགས་པ་ཆེ་རིགས་ངེས་པར་དུ་བསྐྱར་ཞིབ”དོན་འཁྱོལ་ནན་པོ་བྱེད་པ། ཡོངས་བསྒྲགས་ངང་ཞིབ་བཤེར་འཛིན་བཟུང་དང་། འགག་སྒོར་བཀག་བཅད། དུག་རྫས་འཐེན་མཁན་ལ་སྐབས་འཕྲལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ་བཀག་ཉར་བྱེད་དགོས་རིགས་བཀག་ཉར་བྱེད་པ་དང་། ཚང་མས་དུག་རྫས་གཅོད་ཐུབ་པར་བྱས་ཏེ་དུག་རྫས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད།
ལས་ཀའི་གཙོ་གནད་ལ་དམ་འཛིན་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། སྡེ་ཁུལ་གྱི་དུག་རྫས་གཅོད(བདེ་ཐང་སླར་གསོ)པའི་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། བཙན་བཤེད་ཀྱིས་ལོགས་སུ་བཞག་ནས་དུག་རྫས་གཅོད་དུ་འཇུག་པ་དང་། སྡེ་ཁུལ་དུ་དུག་རྫས་གཅོད་དུ་འཇུག་པ། སྡེ་ཁུལ་དུ་བདེ་ཐང་སླར་གསོ་བྱེད་པ་སོགས་ཀྱི་སྨན་བཅོས་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དུག་འཐེན་མཁན་ལ་དུག་རྫས་བཅད་དེ་སྤྱི་ཚོགས་སུ་ཕྱིར་ལོག་དང་འཚོ་བ་གསར་པ་སྐྱེལ་ཐུབ་པར་རོགས་རམ་ཧུར་ཐག་བྱས་ཡོད།
འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞོན་ནུ་ལོ་ཆུང་གི་སྔོན་འགོག་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་ཡོད། དུག་རྫས་སྔོན་འགོག་དང་སློབ་གསོ་གཏོང་བའི་ལས་ཀའི་དུས་བབ་གསར་པ་དང་འགྱུར་ལྡོག་གསར་པ་དང་ཧུར་ཐག་འཚམ་པར་བྱས་ཏེ། གཞོན་ནུ་ལོ་ཆུང་སློབ་མ་གཙོ་གནད་དུ་བཟུང་ནས་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་མི་དམངས་མང་ཚོགས་དུག་འགོག་ལ་ཞུགས་པ་དང་། དུག་འགོག་ལ་དོ་ཁུར་བྱེད་པ། དུག་འགོག་ལ་རྒྱུས་མངའ་ལོན་པ་བཅས་བྱེད་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱས་ཡོད།