དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས།

    ལོ་སྟོད་དུ་བྱ་ཐབས་སྣ་ཚོགས་སྤྱད་ནས་གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་དང་དོ་དམ་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གཅིག་གྱུར་བྱ་སྤྱོད་སྤེལ་ནས་ཆང་རག་བཏུངས་ནས་འཁོར་རིགས་གཏོང་མཁན་ལ་མཚན་བཤེར་བྱེད་བཞིན་པ།

    ཡ་རབས་འགྲིམ་འགྲུལ།

    ལྷ་སའི་བྱ་སྤྱོད།

    2023ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“ལས་འཛོལ་ཉུང་དུ་གཏོང་བ་དང་ཤར་བགྲོད་འགན་ལེན”གྱི་ལས་ཀའི་གཙོ་གནད་ལ་དམ་པོར་དམིགས་ནས། གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་དང་དོ་དམ་ཚད་ལྡན་དུ་ཧུར་ཐག་བཏང་བ་དང་། ཁྲོམ་གཞུང་དུ“ཉེན་རྟོག་པ་མཐོང་ཚད་དང་དོ་དམ་བྱེད་ཚད”ཆེ་རུ་བཏང་བ། འགྲིམ་འགྲུལ་དོ་དམ་ལས་དོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་བཀག་འགོག་ནུས་ལྡན་བྱེད་པ་བཅས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་། གོ་རིམ། ཞི་མཐུན་བཅས་་ལྡན་པའི་འགན་ལེན་ནུས་ལྡན་བྱས་པ་རེད། འདི་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉེན་རྟོག་པ་མི་ཐེངས་ཁྲི་7.5ལྷག་ཙམ་དང་ཉེན་རྟོག་པའི་རླངས་འཁོར(སྦག་སྦག་ཚུད་པ)ཁྲི་1.5ལྷག་ཙམ་བཏང་ནས་ལག་ཁྱེར་མེད་པར་འཁོར་རིགས་གཏོང་མཁན་829དང་། ཆང་རག་བཏུངས་ནས་འཁོར་རིགས་གཏོང་མཁན་338 ར་བཟི་ནས་འཁོར་རིགས་གཏོང་མཁན་160བཅས་ལ་ཞིབ་བཤེར་ཐག་གཅོད་བྱས་པས། ཁོངས་གཏོགས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་རེད།

    ཆང་རག་བཏུངས་ནས་འཁོར་རིགས་གཏོང་མཁན་ལ་རྒྱུན་རྣམ་ཅན་གྱི་མཚན་བཤེར་ལས་དོན་སྤེལ་བ།

    ཁོངས་གཏོགས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་དུས་བབ་བདེ་འཇགས་དང་། བརྟན་པོ། གོ་རིམ་བཅས་ལྡན་པའི་འགན་ལེན་ཧུར་ཐག་བྱ་ཆེད། 2023ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་ཁག་གིས་འགྲིམ་འགྲུལ་ཉེན་རྟོག་པའི་འགན་འཁྲི་དང་ལས་དོན་གཙོ་བོར་གཞི་ཚུགས་ཏེ། ཁོངས་གཏོགས་ཁུལ་དུ་ཐོན་པའི་ཆང་རག་བཏུངས་ནས་འཁོར་རིགས་གཏོང་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆོས་ཉིད་དང་ལས་འཛོལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། ཆང་རག་བཏུངས་ནས་འཁོར་རིགས་གཏོང་མཁན་ལ་མཚན་མོའི་ཞིབ་བཤེར་གྱི་གཅིག་གྱུར་བྱ་སྤྱོད་སྤེལ་བ་རེད། བྱ་སྤྱོད་སྤེལ་རིང་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཨར་ཁང་དང་KTVསོཌ་ཆང་རག་བཏུངས་ནས་འཁོར་རིགས་གཏོང་མཁན་གཅིག་སྡུད་ཁུལ་དང་དེ་མཚུངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཅུང་མང་བའི་ལམ་དུམ་གཙོ་གནད་བཅོས་སྒྲིག་ཁུལ་དུ་བརྩིས་ནས་ཞིབ་བཤེར་བྱ་ཡུལ་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་ཕྱི་དོན་རུ་ཆེན་ཁག་གིས་ཆང་རག་བཏུངས་ནས་འཁོར་རིགས་གཏོང་མཁན་ལ་མཚན་བཤེར་ལས་དོན་སྤེལ་བའི་རྨང་གཞིའི་ཐོག་ལས་ཁུངས་ནས་ཉེན་རྟོག་པ་འཐེན་ནས་ཞིབ་བཤེར་ཚོགས་ཆུང་གསུམ་བཙུགས་ཏེ་འཐབ་ཕྱོགས་དང་པོའི་ལས་སྒྲུབ་མི་དམངས་ཉེན་རྟོག་པར་གཞོགས་འདེགས་ཀྱིས། “ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས“རླངས་འཁོར་ཡོད་ཚད་ལ་ཞིབ་བཤེར”བྱས་པས་ཆང་རག་བཏུངས་ནས་འཁོར་རིགས་གཏོང་མཁན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱས་པ་རེད། དེ་དང་ཆབས་ཅིག་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གྲོང་གསེབ་ཀྱི་དམངས་སྲོལ་བྱེད་སྒོའི་ཆ་འཕྲིན་དུས་ཐོག་ཏུ་ཤེས་པར་བྱས་ཏེ། ཉེན་རྟོག་པ་བསྐོངས་ནས་ཤང་དང་གྲོང་རྡལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་པ་རེད།

    གྲངས་གཞིར་བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ཟླ་1ཚེས་1ཉིན་ནས་ཟླ་5ཚེས་30ཉིན་བར། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཆང་རག་བཏུངས་ནས་འཁོར་རིགས་གཏོང་མཁན་ལ་མཚན་མོའི་ཞིབ་བཤེར་བྱ་སྤྱོད་སྤེལ་ཞིང་། ཉེན་རྟོག་པ་མི་ཐེངས་2800ལྷག་ཙམ་དང་ཉེན་རྟོག་པའི་རླངས་འཁོར་ཐེངས་3300ལྷག་ཙམ་བཏང་ནས་འགྲོ་འོང་འཁོར་རིགས་ཁྲི་7.6ལྷག་ཙམ་ལ་ཞིབ་བཤེར་བྱས་པའི་ནང་ཆང་རག་བཏུངས་ནས་འཁོར་རིགས་གཏོང་མཁན་338དང་། ར་བཟི་ནས་འཁོར་རིགས་གཏོང་མཁན་160 དེ་མིན་གྱི་ཁྲིམས་འགལ་བྱེད་སྤྱོད་924བཅས་ཞིབ་བཤེར་ཐག་གཅོད་བྱས་པར་སྔོན་དཔག་གི་ཕན་འབྲས་ཐོན་པ་མ་ཟད། བློ་ཁོག་བཙོངས་ཏེ་ཆང་རག་བཏུངས་ནས་འཁོར་རིགས་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་རྩོམ་མཁན་ཁ་ལོ་བ་ཟིལ་གྱིས་མནན་པས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་རེད།

    གློག་སྒུལ་འཁོར་རིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་བཅོས་སྒྲིག་ནན་པོ་བྱས་པ།

    “བདེ་འཇགས་སྲུང་ཞྭ་གཅིག་དང་ཉེན་སྲུང་ཐག་པ་གཅིག”གི་བདེ་འཇགས་སྲུང་སྐྱོང་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་སྤེལ་ནས། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་མ་ཐོན་སྔོན་འགོག་ནུས་ལྡན་བྱ་ཆེད། 2023ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཁོངས་གཏོགས་རུ་ཆེན་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་གློག་སྒུལ་འཁོར་རིགས་ཀྱིས་གློག་བརྡར་མི་ལྟ་བ་དང་། བགྲོད་ལམ་ལྡོག་ནས་བསྐྱོད་པ། འཁོར་ལམ་རང་དགར་བརྗེ་བ། ཁ་ལོ་བས་སྦག་ཞྭ་མ་གྱོན་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱས་ཏེ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད། དེ་དང་ཆབས་ཅིག་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་ད་དུང“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”འགྲིམ་འགྲུལ་དྲིལ་བསྒྲགས་བྱེད་སྒོ་སློབ་གྲྭར་གཏིང་ཟབ་སྤེལ་ནས། སློབ་མ་དང་ཁྱིམ་བདག་ལ་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ“མཉམ་དུ་ལག་གདང་སྦྲེལ། མཉམ་དུ་འགྲིམ་འགྲུལ་སྲུང”ཞེས་པའི་བྱེད་སྒོའི་ནང་བཅུག་ནས་ཚང་མས་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་འཛུགས་རྒྱུ་དར་སྤེལ་བཏང་སྟེ། བདེ་འཇགས་ཡོད་པ་དང་། གོ་རིམ་ལྡན་པ། ཤར་བགྲོད་ཐུབ་པ་བཅས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པ་རེད།

    2023ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་གློག་སྒུལ་འཁོར་རིཌ་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཁྱོན་95520ཡོ་བསྲང་བྱས་པའི་ནང་སྦག་ཞྭ་མ་གྱོན་པའི་མི་32222དང་། མི་ཚད་ལས་བརྒལ་བ་བསྐྱོན་པའི་འཁོར་རིགས་18816 བགྲོད་ལམ་ལྡོག་ནས་སྐྱོད་མཁན་འཁོར་རིཌ་14200 གློག་དམར་སྒྲོལ་མཁན་འཁོར་རིཌ་11412 ཁྲིམས་ལྟར་ཐོ་མ་བཀོད་པའི་འཁོར་རིགས་26496བཅས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གློག་སྒུལ་འཁོར་རིགས་གཏོང་མཁན་གྱི་འགྲིམ་འགྲུལ་ཁྲིམས་སྲོལ་གྱི་བདེ་འཇགས་འདུ་ཤེས་དང་ཡ་རབས་ངང་འགྲོ་སྐྱོད་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། གློག་སྒུལ་འཁོར་རིགས་དང་འབྲེལ་བའི་འགྲིམ་འགྲུལ་ལས་འཛོལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པས། གློག་སྒུལ་འཁོར་རིཌ་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    “གློད་སྡོམ་ཞབས་གསུམ”གྱི་དམངས་ཕན་སྒྱུར་བཅོས་ལས་དོན་བརྟན་པོ་སྤེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

    2023ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་ཡིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རྒྱུ་འཇུག་གཞིར་བྱས་ནས། “གློད་སྡོམ་ཞབས་གསུམ”གྱི་དམངས་ཕན་སྒྱུར་བཅོས་ལས་དོན་བརྟན་པོ་སྤེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ལས་སྒྲུབ་ཀྱི་བརྒྱུད་རིམ་སྔར་བས་ལེགས་སུ་གཏོང་བ་དང་། རྒྱུགས་སྤྲོད་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ལྗོངས་ཡོངས་ཀྱི་ཁ་ལོ་བའི་C6རྒྱུགས་ར་ཐོག་མར་བཙུགས་པ་དང་སྤྱོད་འགོ་ཚུགས་པ། སྦག་སྦག་ལག་ཁྱེར་གྲོང་གསེབ་ནས་ལེན་ཐུབ་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱུན་ཆད་མེད་པར་ཞབས་ཞུའི་རྣམ་པ་ལེགས་སུ་གཏོང་བ་དང་དོ་དམ་བྱ་ཐབས་གསར་གཏོད་བྱས་ཏེ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འབྱུང་རྩའི་དོ་དམ་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་གྲོང་ཁྱེར་ཡོངས་ཀྱི་འཁོར་རིགས་དང་། ཁ་ལོ་བའི་ཡིག་ཚད། དོ་དམ་བཅས་ཀྱི་ལས་སྒོར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    2023ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་ཡིས་ཁྱོན་ལས་སྒོ་ཁྲི་25.2ལྷག་ཙམ་གཉེར་བ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་1400ལྷག་ཙམ་ལ་མོ་ཊའི་ཡིག་ཚད་བཏང་བ། ཉིན་རེར་ཆ་སྙོམས་ལས་སྒོ་850ལྷག་ཙམ་གཉེར་བ་དེ་དུས་མཚུངས་ལས་10%འཕར་བ། ཐོ་འགོད་ཞབས་ཞུའི་ས་ཚིགས་དང“འགྲིམ་འགྲུལ་དོ་དམ་12123”གྱི་དྲ་སྦྲེལ་ལས་སྒོ་32%འཕར་ནས་ལས་སྒོ་ནུས་ལྡན་ངང་ཁག་བགོས་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།